འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་བསྟན་དོན་མཐོ་སློབ་ཀྱིས་ཆུ་ཚད་མཐོ་བའི་ལུས་རྩལ་རྣམ་གྲངས་ལུས་རྩལ་
    སློབ་ཚན་ཁོངས་སུ་འཇུག་དགོས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་ནས་ཟླ་7ཚེས་20ཉིན། སློབ་གྲྭའི་ལུས་རྩལ་སྒྱུར་བཅོས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བའི་ཐད་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་གི“སྣེ་ཁྲིད”ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སློབ་མའི་ལུས་སེམས་བདེ་ཐང་དང་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད། ཉེ་ཆར། སློབ་གསོ་པུས་《མཐོ་སློབ་དཀྱུས་མའི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》(གཤམ་ལ་《བསམ་འཆར་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་པ་རེད། 《བསམ་འཆར་》ནང་དུ། མཐོ་སློབ་ཀྱིས་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་གི་ལུས་རྩལ་རྣམ་གྲངས་ལུས་རྩལ་སློབ་ཚན་དང་སློབ་ཁྲིད་ཁོངས་སུ་བཅུག་ནས་ལུས་རྩལ་སློབ་ཚན་ཁྲིད་སྟངས་ལ་སྒྱུར་བཅོས་དང་གསར་གཏོད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། རང་རྒྱལ་གྱི་མཐོ་སློབ་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་འཛུགས་སྐྱོང་ལས་དོན་ལ་1986ལོ་ཚུན་དུ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཀྱང་། འཕེལ་རྒྱས་དམིགས་ཚད་ཁ་གསལ་མེད་པ་དང་། བཀོད་སྒྲིག་དོ་སྙོམས་མེད་པ། སློབ་བསྡུ་དོ་དམ་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ལྷགས་ཡོད་པས་མཐོ་སློབ་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་གི་སྤྱིའི་བྱང་ཚད་དང་ཕན་འབྲས་ལ་ཐད་ཀར་ཤུགས་རྐྱེན་ངན་པ་ཐེབས་ཡོད་པ་རེད།
         《བསམ་འཆར་》ནང་དུ། ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་འཛུགས་སྐྱོང་སློབ་གྲྭའི་གཞི་ཁྱོན་བསྡོམས་འབོར་ལ་ཚོད་འཛིན་ནན་པོ་བྱས་ནས་ད་ཡོད་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་འཛུགས་སྐྱོང་སློབ་གྲྭའི་བསྡོམས་འབོར་རྩ་དོན་ཐོག་ནས་མང་དུ་མི་གཏོང་བ་དང་། མཐོ་སློབ་ཀྱི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་རྣམ་གྲངས་ནི་རྩ་དོན་ཐོག་ནས་འཛམ་གླིང་གི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་དང་རྒྱལ་ཡོངས་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཁྱབ་ཁོངས་སུ་བསྡུ་དགོས། མཐོ་སློབ་ཁག་གིས་ཐོན་ཁུངས་གཅིག་ཏུ་བསྡུས་ནས་རྐང་རྩེད་སྤོ་ལོ་སོགས་རྒྱལ་ཁབ་ཀྱི་གཙོ་གནད་འཕེལ་རྒྱས་རྣམ་གྲངས་དང་། སློབ་རའི་ནང་དུ་ཁྱབ་གདལ་ཆེ་བ་དང་གཟུགས་པོའི་བྱང་ཚད་མཐོར་གཏོང་གི་ནུས་པ་ཅུང་ཆེན་པོ་ལྡན་པའི་རྣམ་གྲངས་ལ་སྒྱུར་དགོས། སློབ་ཁུངས་མང་པོ་མེད་པ་དང་ལུས་རྩལ་པའི་ལག་རྩལ་ཨང་རིམ་མེད་པའི་ལུས་རྩལ་རྣམ་གྲངས་ཁག་གཅིག་རིམ་བཞིན་མེད་པར་བཟོ་དགོས། འཛུགས་སྐྱོང་ཆ་རྐྱེན་ལྡན་པའི་མཐོ་སློབ་ཁག་གིས་ལུས་རྩལ་རུ་ཁག་རྣམ་གྲངས་གཉེར་ཚད་རྩ་དོན་ཐོག་ནས་5ལས་མི་བརྒལ་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་དུ། མཐོ་སློབ་ཀྱིས་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་གི་སློབ་མ་བསྡུ་ཐབས་འཐུས་ཚང་དུ་བཏང་ནས་རྒྱུགས་ལེན་དང་སློབ་བསྡུ་བྱ་རྒྱུ་སྒྲིག་འཛུགས་ནན་པོ་བྱེད་དགོས། ཆུ་ཚད་མཐོ་བའི་ལུས་རྩལ་པའི་ལུས་རྩལ་རྩལ་ནུས་ཀྱི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་དང་ཁུལ་བགོས་མཉམ་འབྲེལ་རྒྱུགས་ལེན་ལམ་ལུགས་འཚོལ་ཞིབ་ཧུར་ཐག་བྱས་ནས། རྒྱུགས་སྤྲོད་མཁན་ཅུང་མང་པའི་རྣམ་གྲངས་རིགས་ལ་ཁུལ་བགོས་མཉམ་འབྲེལ་རྒྱུགས་ལེན་དང་། རྒྱུགས་སྤྲོད་མཁན་ཅུང་ཉུང་བའི་རྣམ་གྲངས་རིགས་ལ་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་བྱེད་ཆོག རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་དང་ཡང་ན་ཁུལ་བགོས་མཉམ་འབྲེལ་རྒྱུགས་ལེན་བྱེད་པའི་ལུས་རྩལ་རྣམ་གྲངས་རིགས་ཀྱི་རྒྱུགས་སྤྲོད་མཁན་གྱི་ཐོ་འགོད་ཆ་རྐྱེན་དེ་ལུས་རྩལ་པའི་ལག་རྩལ་ཨང་རིམ་ལག་ཁྱེར་དང་མ་སྦྲེལ་ཡང་ཆོག རྒྱུགས་སྤྲོད་མཁན་གྱི་ལུས་རྩལ་པའི་ལག་རྩལ་ཨང་རིམ་ལག་ཁྱེར་དང་དེ་བཞིན་འགྲན་ཞུགས་ལག་ཁྱེར་དེ་མཐོ་སློབ་ཀྱིས་སློབ་མ་བསྡུ་བའི་ཟུར་ལྟའི་དཔྱད་གཞི་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།
         《བསམ་འཆར་》ནང་དུ། སློབ་གྲྭར་ཞུགས་རྗེས་སྦྱོང་བརྡར་དང་འགྲན་བསྡུར་ལ་རང་དགར་མི་ཞུགས་པའི་ཆུ་ཚད་མཐོ་བའི་ལུས་རྩལ་པར། སློབ་གྲྭས་སློབ་གྲྭའི་སྐྱིད་སྡུག་དོ་དམ་ལམ་ལུགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། ཚབས་ཆེན་རིགས་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པ་དང་ཡང་ན་སློབ་གྲྭ་ནས་ཕྱིར་འཐེན་དགོས། མཐོ་སློབ་དཀྱུས་མར་ལས་ཞུགས་བྱེད་མཁན་ཕུལ་བྱུང་རྩལ་ཁྲིད་པའི་ཆེད་ལས་ལག་རྩལ་གོ་མིང་དཔྱད་བསྡུར་གདན་ཞུས་དང་། ལས་ཀའི་ཆ་རྐྱེན། འཚོ་བའི་ཐོབ་ཐང་སོགས་ཀྱི་ཐད་སློབ་གྲྭའི་དམིགས་བསལ་ལག་རྩལ་ཤེས་ལྡན་པ་གཞན་དག་དང་འདྲ་བའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག མཐོ་སློབ་ཀྱིས་ལོ་རེར་འཛུགས་སྐྱོང་དགོས་མཁོ་ལྟར་ལུས་རྩལ་པ་རེར་སྒོར་ཁྲི་3ལས་མི་ཉུང་བའི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་གི་ཆེད་སྤྱོད་གྲོན་དངུལ་བཀོད་སྒྲིག་བྱེད་དགོས་པ་དང་། ཆེད་སྤྱོད་གྲོན་དངུལ་དེ་སློབ་གྲྭའི་སློབ་གསོའི་གྲོན་དངུལ་འཕར་བ་དང་བསྟུན་ནས་མང་དུ་གཏོང་དགོས། ལུས་རྩལ་སློབ་གྲྭའི་ཆུ་ཚད་མཐོ་བའི་ལུས་རྩལ་རུ་ཁག་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཕུལ་བྱུང་ལུས་རྩལ་པས་ལུས་རྩལ་སློབ་གྲྭའི་འབྲེལ་ཡོད་ཆེད་ལས་དང་མཐོ་སློབ་དཀྱུས་མའི་ལུས་རྩལ་ཆེད་ལས་ལ་མིང་འགོད་རྒྱུགས་སྤྲོད་བྱས་ནས་སློབ་སྦྱོང་དང་སྦྱོང་བརྡར་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་ཧུར་ཐག་གཏོང་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།