འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་ཁག་ཏུ་དུས་སྟོན་མང་པོ་འཆར་ཉེར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར་དུས་སྟོན་མང་པོ་ཞིག་འཆར་གྲབས་ཡོད་པས་སྐབས་དེ་དུས་ས་གནས་དེ་གའི་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་ལ་ལྟད་མོ་ལྟ་ཆོག་པ་མ་ཟད། ད་དུང་ཁྱད་ལྡན་ཞིམ་ཟས་ཀྱི་བྲོ་བ་མྱོང་བ་དང་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་དམངས་སྲོལ་གོམས་གཤིས་ལའང་ཉམས་ལེན་བྱེད་ཆོག་གི་ཡོད།
            ཟླ་7ཚེས་21ཉིན་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་དུས་ཡུན་གཟའ་འཁོར་གཅིག་རིང་གི་རྡོ་ཁོག་བེ་ཤའི་ཞིམ་ཟས་དུས་ཆེན་སྐབས་དང་པོ་གཉེར་རྒྱུ་ཡིན་པ་དང་། སྐབས་དེ་དུས་ཀླུ་ནང་བེ་ཤའི་རྒྱལ་པོ་དང་བཙུན་མོ་དཔྱད་འདེམས་བྱེད་པ་སོགས་ལྟད་མོ་ཆེ་བའི་ལེ་ཚན་ཡོད་པ་རེད། ཟླ་7ཚེས་22ཉིན་ནི་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གི་ལོ་གཅིག་དུས་གཅིག་གི་རྒྱལ་རྩེའི་མདའ་དམག་དུས་ཆེན་ཡིན་པ་རེད། རྒྱལ་རྩེའི་མི་དམངས་ཀྱི་སྲོལ་རྒྱུན་དུས་ཆེན་ཡིན་པའི་ངོས་ནས། མདའ་དམག་དུས་ཆེན་ལ་ད་བར་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།
            ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་དུ་ལྷོ་བྲག་རྫོང་ཡུལ་སྐོར་ཅུས་སོགས་ཀྱིས་གཙོ་གཉེར་བྱས་པའི་སྐུ་ལྷ་གངས་རིར་སྒར་བརྒྱབ་ནས་སྡོད་པའི་འདུ་ཚོགས་སྐབས་དང་པོ་ཟླ་7ཚེས་27ཉིན་ནས་ཟླ་8ཚེས་1ཉིན་བར་གཉེར་རྒྱུ་ཡིན་པ་དང་། ས་བབ་མཐོ་ཚད་སྨི་7000རིམ་པའི་གངས་རི་དྲུག་པོ་དེ་དག་མུ་འཁྱུད་དུ་གནས་ཤིང་། ནམ་མཁར་སྙེག་པའི་གངས་འཁྱགས་སྲུང་ཡོལ་ཞིག་གཉིས་སུ་མེད་དང་། གངས་རི་དེ་དག་གི་གཤམ་དུ་གནས་པའི་སྒར་བརྒྱབ་ནས་སྡོད་སའི་ས་བབ་མཐོ་ཚད་སྨི་4550ཟིན་པ་དང་། མཚེའུ་ཡི་ནང་གངས་རི་དང་འཁྱགས་རིའི་བརྗིད་ཆགས་ལྷུན་གྲུབ་ཀྱི་གཟུགས་བརྙན་འཆར། མུན་པ་རུབ་སྐབས་ནམ་མཁར་སྐར་འོད་ཆེམ་ཆེམ་འཕྲོ་བ་དེ་ནི་སྐར་ཚོགས་ལ་ལྟ་བའི་གོ་སྐབས་བཟང་པོ་ཞིག་རེད།
           ཟླ་8ཚེས་8ཉིན་འདམ་གཞུང་རྫོང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ། འདམ་སྤྱི་རིམ་རྟ་རྒྱུག་དུས་ཆེན་འཆར་གྲབས་ཡོད་ཅིང། དྭངས་ཤིང་སྔོ་བའི་གནམ་མཚོ་དང་། སྔོ་ཐིང་ངེར་གནས་པའི་འདམ་གཞུང་རྩྭ་ཐང་། བང་རྩལ་འགྲན་པའི་རྟ་མཆོག བློ་གཤོག་ཡངས་པའི་འབྲོག་པ་བཅས་ལས་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་ཤིག་མིག་ལམ་དུ་འཆར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།