འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ཇེ་མང་དུ་སོང་བ།

    ཉིན་རེར་ཆ་སྙོམས་བྱས་ན“སྦྱིན་བདག”བརྒྱ་ལྷག་ཙམ་མང་དུ་འགྲོ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། ད་ཕན་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དང་ཁེར་རྐྱང་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་འགྲོ་བ་དང་། གྲུབ་ཆ་ལེགས་སུ་འགྲོ་བ། དངོས་ཤུགས་ཆེ་རུ་འགྲོ་བ་བཅས་ཀྱི་རྣམ་པ་ཞིག་ཐོན་བཞིན་ཡོད། གསར་འགོད་པར་བོད་ཀྱི་བཟོ་ཚོང་སྡེ་ཚན་ནས་ཤེས་རྟོགས་བྱུང་གསལ། 2017ལོའི་ཟླ་6པ་བར་ལྗོངས་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་15.37ཟིན་པ་དང་ཉིན་རེར་ཆ་སྙོམས་བྱས་ན་ཁེར་རྐྱང་བཟོ་ཚོང་དུད་ཚང་གི“སྦྱིན་བདག”100ལྷག་ཙམ་མང་དུ་སོང་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཉིད་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི་ཟླ་6པ་བར། ལྗོངས་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་15.37ཟིན་པ་དང་མ་དངུལ་བསྡོམས་གྲངས་སྒོར་དུང་ཕྱུར་149.46ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་17.24%དང་31.72%སོ་སོ་འཕར་བ་དང་། སྒེར་གཉེར་ཁེ་ལས་ཁྲི་4.09དང་ཐོ་འགོད་མ་དངུལ་སྒོར་དུང་ཕྱུར་5410.29ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་32.15%དང་48.29%སོ་སོར་འཕར་བ། ཁེར་རྐྱང་བཟོ་ཚོང་དུད་ཚང་དང་སྒེར་གཉེར་ཁེ་ལས་ཀྱི་དུད་གྲངས་ཀྱིས་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཁྲོད་བཟུང་བའི་བསྡུར་ཚད་73.36%དང་19.52%སོ་སོར་ཟིན་གྱི་ཡོད་པ་རེད།
         ལྗོངས་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ནང་ཐོན་ལས་དང་པོའི་དུད་ཚང་594ཡིས་ལྗོངས་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་0.39%བཟུང་བ་དང་། ཐོན་ལས་གཉིས་པའི་དུད་ཚང་9101གིས་5.92%བཟུང་བ། ཐོན་ལས་གསུམ་པའི་དུད་ཚང་144031གིས་93.69%བཟུང་ཡོད། ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པ་དང་སྦྲགས། ཞིང་འབྲོག་ཁུལ་གྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་རིམ་བཞིན་མང་དུ་འགྲོ་བའི་རྣམ་པ་ཞིག་ཀྱང་ཐོན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། བཟོ་ཚོང་སྡེ་ཚན་གྱིས་ཁེ་ལས་ཀྱི་ལོ་བཤེར་ལམ་ལུགས་ལོའི་སྙན་སེང་ལམ་ལུགས་སུ་བསྒྱུར་རྒྱུ་དང་། ཁེ་ལས་ཀྱི་ཐོ་འགོད་དེབ་སྐྱེལ་དེ“ལག་ཁྱེར་གསུམ་སྒྲིལ”དང་། “ལག་ཁྱེར་གཅིག་ལ་ཨང་རྟགས་གཅིག” “ལག་ཁྱེར་ལྔ་སྒྲིལ”དུ་བསྒྱུར་བ་སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་པས་ཁྲོམ་རའི་བྱེད་པོའི་མ་འཇོག་ལས་གཏོད་ཀྱི་སྤྲོ་སེམས་ཇེ་ཆེར་འཕེལ་ཞིང་། ལོ་གསུམ་ལྷག་ཙམ་རིང་། ཐོ་འགོད་དེབ་སྐྱེལ་གྱི་ཁེར་རྐྱང་ཚོང་དུད་སྒྱུར་བཅོས་གོང་གི་གྲངས་འབོར་ལས་བརྒལ་ཞིང་། ད་ཆ་ཁེར་རྐྱང་ཚོང་དུད་ཀྱི་གྲངས་འབོར་ཇེ་མང་དུ་སོང་བའི་རྣམ་པ་ཐོན་ནས་ཉིན་རེར་ཆ་སྙོམས་བྱས་ན་ཁེར་རྐྱང་བཟོ་ཚོང་དུད་ཚང་གི“སྦྱིན་བདག”100ལྷག་ཙམ་མང་དུ་འགྲོ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།