འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།སྒྱུར་བཅོས་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ།

    —— ལེའུ་བཅུ་ཡོད་པའི་སྲིད་དོན་དཔྱད་གླེང་གི་ཆེད་དོན་པར་གཞི་ཆེ་གྲས་《སྒྱུར་བཅོས་ མཐར་ཕྱིན་པ་བྱེད་དགོས་》ཞེས་པར་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་24ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྲིད་དོན་དཔྱད་གླེང་པར་གཞི་ཆེ་གྲས་《སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས་》ཞེས་པའི་ནང་《དུས་རབས་ཀྱི་དྲི་གཞི་》དང་། 《དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་》 《མི་དམངས་དམངས་གཙོའི་བསམ་ཕྱོགས་གསར་པ་》 《སྤྱི་ཚོགས་ཀྱི་འདྲ་མཉམ་དང་དྲང་བདེན་སྲུང་སྐྱོང་བྱེད་》 《ཀྲུང་ཧྭའི་རིག་གནས་ཀྱི་ཆུ་རྒྱུན་》སོགས་ལེའུ་ལྔ་བསྟན་པ་རེད། རྒྱལ་ཡོངས་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་པར་གཞི་འདི་ཉིད་ལྟ་བའི་སྤྲོ་སེམས་རབ་ཏུ་འཕེལ་ལ། སྒྱུར་བཅོས་སྐོར་གྱི་གླིང་གཞིའང་དེ་བས་གཏིང་ཟབ་ཏུ་སོང་ཡོད།
         “མཁྲེགས་སར་གཏུག་ཕོད་པའི”འགན་འཁྲི་དང་འོས་འགན་འཁུར་དགོས།
         “《སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས་》ཞེས་པ་ལས་ཐོག་མའི་བསམ་འདུན་མ་བརྗེད་པ་བྱས་ཚེ་གཞི་ནས་མུ་མཐུད་མདུན་སྐྱོད་ཐུབ་པ་དང་། སྒྱུར་བཅོས་མཐར་ཕྱིན་པ་བྱས་ཚེ་གཞི་ནས་དམངས་ཕྱུག་རྫོང་དར་ཡོང་ཐུབ”ཅེས་ཧོ་པེ་ཞིང་ཆེན་ཝུའེ་རྫོང་གི་རྫོང་དཔོན་ཧྲང་ལི་དབྱིང་གིས་ངོས་འཛིན་བྱས་པ་དང་། ཁོང་གིས་ཆེད་དོན་པར་གཞིའི་ནང་ལྟ་རིན་མྱོང་རིན་ཡོད་པའི་པར་རིས་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས“ཕྱོགས་ཡོངས”དང“གཏིང་ཟབ”ཀྱི་ནང་དོན་ཟབ་མོར་གསལ་འགྲེལ་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ“གདུང་བཞི་ཀ་བརྒྱད”ཀྱི་ངོ་བོ་ལྡན་པའི་སྒྱུར་བཅོས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད། གཞི་རིམ་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་མཁན་གྱི་ལག་བསྟར་པ་ཞིག་ཡིན་པའི་ངོས་ནས་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་བའི་ངོས་འཛིན་བྱེད་ཀྱི་འདུག
    “《སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས》ཞེས་པའི་ནང་ཀྲུང་གོ་མི་དམངས་ཀྱིས་གསར་གཏོད་དང་། གསར་སྐྲུན། འབད་འཐབ་བཅས་བྱེད་པའི་ལོ་རྒྱུས་ཀྱི་ལམ་བུ་གང་ལེགས་མངོན་འདུག་པས་དེ་བལྟས་རྗེས་སྐུལ་ལྕག་ཚད་མེད་ཐེབས་བྱུང་ལ། དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་རྒྱུར་ཡང་སྐུལ་འདེད་ཐེབས་བྱུང”ཞེས་ཉིང་ཞ་ཝུའུ་ཀྲུང་གྲོང་ཁྱེར་ཡན་ཁྲེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྭ་ཀྲེ་མེས་བརྗོད་པ་དང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིས“སྒྱུར་བཅོས་བྱས་ཚེ་ཡར་ཐོན་ཡོང་བ་དང་། གསར་གཏོད་བྱས་ཚེ་སྟོབས་ཆེར་འགྱུར་བ། སྒྱུར་བཅོས་གསར་གཏོད་བྱས་ཚེ་རྒྱལ་ཁ་ལེན་ཐུབ”ཅེས་གསུངས་ཡོད། ད་ཆ་འཕེལ་རྒྱས་ཁྲོད་ཐོན་པའི་གནད་དོན་དེ་དག་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་དང་། འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་དེ་དག་དེ་བས་བློ་བརྟན་འགྱུར་མེད་དང་གཏིང་ཟབ་ཀྱི་སྒྱུར་བཅོས་ལ་བརྟེན་ནས་སེལ་དགོས། གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་རྫོང་དབུལ་པོ་ཞིག་ཡིན་པའི་ཆ་ནས་ཡན་ཁྲེ་རྫོང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་དབུལ་སྒྲོལ་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། སྣོད་བཅུད་ལ་བརྟེན་ནས་རྫོང་སྐྱོང་བ། དབུལ་སྒྲོལ་དམངས་ཕྱུག་བཅས་ཀྱི་འཐབ་ཇུས་ཆེན་པོ་གསུམ་ལག་ལེན་ཤུགས་ཆེན་བསྟར་ནས་གསར་གཏོད་བྱེད་པར་སྒུལ་ཤུགས་སྣོན་པ་དང་སྣོད་བཅུད་ལ་ཕན་འབྲས་ཐོན་པ་བྱེད་དགོས་ཞེས་བརྗོད་པ་རེད།
         བརྗིད་ཆེའི་སྒྱུར་བཅོས་ཀྱི་སྒྲོམ་གཞིས་མང་ཚོགས་ལ་ཕན་པ་བཏགས་དགོས།
         ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་སེམས་ཁྲལ་བཟོ་བའི་སྡོད་ཁང་དང་། སྨན་བཅོས། སློབ་གསོ། རྒན་གསོ་སོགས་ཐད་ཀྱི་གནད་དོན་ལ་དམིགས་ནས་བྱེད་ཐབས་ཏན་ཏིན་ནུས་ལྡན་བཏོན་ཡོད། ཆེད་དོན་པར་གཞིའི་ནང་ནན་བཤད་བྱས་པའི“མི་དམངས་ཀྱི་རེ་འབོད་ལ་སྒྱུར་བཅོས་བྱེད་སྐབས་བརྡ་ལན་ཡོད་པ་བྱེད་དགོས”ཞེས་པ་དེར་ཕུའུ་ཐན་གྲོང་ཁྱེར་ཁྲེང་ཤང་ཆུས་ཕུང་ཧོང་ཧྲན་ཁྲོམ་གཞུང་གི་ཀྲུའུ་ཁང་གྲོང་ཚོའི་གྲོང་མི་ཁྲེན་མའེ་ལན་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁྲེན་མའེ་ལན་གྱིས“ངའི་བཟའ་ཟླ་ནི་དབང་པོ་སྐྱོན་ཅན་ཡིན་པ་དང་བུ་ལ་སྨྱོ་ནད་ཕོག་སྟེ་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད”ཅེས་བཤད། ཆུས་ནང་གི་རིམ་ཁག་སྡེ་ཚན་གྱི་རོགས་རམ་འོག་ང་ཚོ་ནང་མི་གསུམ་པོས་མ་མཐའི་འཚོ་བ་འགན་ལེན་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་བྱུང་ལ། རང་ཉིད་ཀྱིས་གྲོང་ཚོའི་ནང་གཙང་སྦྲ་བྱེད་པར་ཟླ་རེར་ཡོང་འབབ་སྒོར་2000ལེན་རྒྱུ་ཡོད་སྟབས་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེན་པོ་ཕྱིན་སོང་། “མི་སེར་ཞིག་ཡིན་པའི་ངོས་ནས་ངས་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཚང་མར་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་བས་ཆེ་བ་ལོངས་སུ་སྤྱོད་རྒྱུ་ཡོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
         ཟླ་7ཚེས་17ཉིན། ཆེད་དོན་པར་གཞི་བསྟན་པ་ནས་བཟུང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཏང་ཨུད་ཀྱིས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། དགེ་རྒན་བཅས་སྒྲིག་འཛུགས་ཧུར་ཐག་བྱས་ནས་པར་གཞི་ལྟ་བ་དང་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱས་པ་རེད། “དེ་ནི་ང་ཚོ་མི་རབས་ཁ་ཤས་ལ་ཕན་བཏགས་པ་ཞིག་ཡིན་ལ། བུ་རབས་ཚ་བརྒྱུད་ལའང་ཤུགས་རྐྱེན་གཏིང་ཟབ་ཐེབས་རྒྱུ་རེད”ཅེས་གཞིས་རྩེ་གྲོང་ཁྱེར་སློབ་ཆུང་གི་ཧྲུའུ་ཅི་ཐན་མའོ་ཡུས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད། ཁོང་གིས་སྒྱུར་བཅོས་དངོས་སུ་དོན་ཐོག་ཏུ་འཁྱོལ་བ་དང་ཁོང་གིས་ཀྱང་སྒྱུར་བཅོས་ལས་བྱུང་བའི་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང་ཡོད། “ང་ཚོ་ཐག་རིང་ནུབ་རྒྱུད་ས་ཁུལ་གྱི་ཤང་གྲོང་སློབ་གྲྭར་ཆ་མཚོན་ན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་སྒྱུར་བཅོས་ལས་ཕན་པ་ཐོབ་པས་མཁྲེགས་ཆས་སམ་མཉེན་ཆས་གང་ཡིན་རུང་ཚང་མར་རྒྱལ་ཁབ་ཀྱི་མ་འཇོག་བྱེད་ཤུགས་ཆེན་པོ་ཡོད།
         ད་ཆ་ཁྱེད་རང་བོད་ཀྱི་ས་ཆ་གང་དུ་བསྐྱོད་ཀྱང་སྐྲུན་དངོས་མཛེས་ཤོས་དང་ཡག་ཤོས་དེ་སློབ་གྲྭ་རེད་ཅེས་འུད་ཤོབ་སྤུ་ཙམ་ཡང་མེད་པའི་སྒོ་ནས་བཤད་ཆོག”ཅེས་བཤད།
         སྒྱུར་བཅོས་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས།
         “《སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས་》ཞེས་པའི་ནང་གསོན་ཉམས་དོད་པའི་དཔེ་གཞི་མང་པོར་བརྟེན་ཏེ་གོ་བདེ་རྟོགས་སླའི་སྒོ་ནས་སྒྱུར་བཅོས་ཀྱི་དགོས་ངེས་རང་བཞིན་དང་། དགོས་གཏུགས་རང་བཞིན། སྔ་བསམ་ཕྱི་བལྟས་རང་བཞིན་བཅས་མཚོན་ཡོད”ཀོང་ཏུང་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ས་ཁོངས་དང་ཁེ་ལས་འགྲན་རྩོད་ནུས་པ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ཏིང་ལིས་ཆེད་དོན་པར་གཞིའི་ནང་གི་ཧྥུའོ་ཧྲན་རྫ་ཆས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་དཔེ་གཞིར་བག་ཆགས་ཧ་ཅང་ཟབ་མོ་ཡོད་ཅིང་། ཁོང་གིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་དམིགས་ཚད་གལ་ཆེན་ནི་ནུས་ལྡན་གྱི་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་དགོས་ཤིང་། ཕྱོགས་སྒྱུར་རིམ་སྤོར་དང་། སྤུས་ཚད་མཐོར་གཏོང་། སྤུས་རྟགས་གཏོད་པ། ལྟེ་བའི་ལག་རྩལ་ཁོང་དུ་ཆུད་པ་བཅས་མདོར་ན་སྲོལ་རྒྱུན་གྱི་འཕེལ་རྒྱས་བསམ་ཕྱོགས་དང་ཐབས་ལམ་ལ་བརྟེན་པ་ལས་ཚད་བརྒལ་བྱས་ཏེ་གསར་གཏོད་ཀྱིས་ཁྲིད་སྟོན་དང་འདེགས་སྐྱོར་དུ་བྱེད་པའི་དཔལ་འབྱོར་མ་ལག་དང་འཕེལ་རྒྱས་གཏོང་སྟངས་བསྐྲུན་དགོས་པ་དང“དེ་ཐོག་ནས་བཤད་ན་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་རྒྱུ་དེ་དངོས་ཚན་དཔལ་འབྱོར་བསྐྱར་དུ་གཏོད་པ་ཞིག་རེད”ཅེས་བཤད།
         ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་ཚན་ཧྲི་ནན་ཅིང་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཅང་ཕུའུ་ཤིན་གྱིས“ཆེད་དོན་པར་གཞི་《སྒྱུར་བཅོས་མཐར་ཕྱིན་པ་བྱེད་དགོས་》ཞེས་པའི་མིང་དེར་དོན་སྙིང་གཏིང་ཟབ་ལྡན་ཡོད། དེ་ལས་མིག་སྔའི་བར་ད་དུང་སྒྱུར་བཅོས་བྱས་ཚར་མེད་པས་སྔར་བས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པ་གསལ་བཤད་བྱས་པ་དང་། དུས་མཚུངས་རང་རེའི་ཏང་ལ་སྒྱུར་བཅོས་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་ཡོད་པའང་མཚོན་ཡོད”སྒུལ་ནུས་གསར་པ་ཆཌ་པ་དང་སྒུལ་ནུས་གསར་པ་འཕེལ་བར་བྱ་རྒྱུ་དེ་གོམ་སྟབས་རྗེས་མའི་སྒྱུར་བཅོས་ཀྱི་གཙོ་གནད་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།