འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ཀྱི་ཚད་གཞི་མཐོ་ཤོས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཆབ་མདོར་ཨང་དང་པོ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་27ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་བོད་རང་སྐྱོང་ལྗོངས་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་མཇུག་འགྲིལ་བ་དང་ཆབ་མདོ་རུ་ཁག་གིས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་བསྡུར་གྲངས་2∶1གི་ཐོག་ནས་ཉིང་ཁྲི་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་དང་ལྷ་ས་རུ་ཁག་ལ་ཨང་གསུམ་པ་ཐོབ་ཅིང་། སྐབས་གོང་མའི་ཨང་དང་པོ་ཡིན་པའི་ནག་ཆུ་རུ་ཁག་ད་ཐེངས་ཨང་བཞི་པ་ཡིན་པ་རེད།
         སྐབས་འདིའི་ཨང་དང་པོ་དང་གཉིས་པ་ཡིན་པའི་ཆབ་མདོ་དང་ཉིང་ཁྲི་རུ་ཁག་སྐབས་གོང་མའི་ལེགས་སྐྱེས་འགྲན་བསྡུར་གྱི་ཚོགས་ཆུང་འགྲན་བསྡུར་ལས་ཕམ་ཉེས་བྱུང་ཡོད། འོན་ཀྱང་འདི་ལོའི་ཕྱེད་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ནང་བསམ་ཡུལ་ལས་འདས་པའི་སྒོ་ནས་སྐབས་གོང་མའི་ཨང་དང་པོ་ནག་ཆུ་རུ་ཁག་དང་སྟོབས་ཤུགས་ཆེ་བའི་ལྷ་ས་རུ་ཁག་གཉིས་ལས་སོ་སོར་རྣམ་པར་རྒྱལ་ཡོད། མི་མང་པོས་དོ་ཁུར་བྱེད་པའི་སྐབས་གོང་མའི་ཨང་དང་པོ་ཡིན་པའི་ནག་ཆུ་རུ་ཁག་ཕྱེད་རྒྱལ་ཕམ་ཐག་གཅོད་འགྲན་བསྡུར་ཁྲོད་བསྡུར་གྲངས་1∶2ཀྱི་ཐོག་ནས་ཆབ་མདོ་རུ་ཁག་ལས་ཕམ་པ་དང་དེ་རྗེས་ཀྱི་ཨང་གསུམ་པ་བརྩོན་ལེན་བྱེད་པའི་འགྲན་བསྡུར་ནང་བསྡུར་གྲངས་3∶4ཡི་ཐོག་ནས་སླར་ཡང་ལྷ་ས་རུ་ཁག་ལས་ཕམ་སྟེ་བྱ་དགའ་གང་ཡང་ཐོབ་མེད།
         བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཅན་ཧྭ་ཡིས་ཐེངས་འདིའི་འགྲན་བསྡུར་ནི་བོད་ཀྱི་ལོ་འཁོར་གྱི་ཚད་གཞི་མཐོ་ཤོས་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཡིན་པ་དང་རྐང་རྩེད་སྤོ་ལོར་ཡང་ས་མཐོའི་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། མིག་སྔར་བོད་ཀྱི་རྐང་རྩེད་སྤོ་ལོ་འཕེལ་རྒྱས་འགྲོ་རྒྱུ་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་མོད། འོན་ཀྱང་བོད་ཀྱི་རྐང་རྩེད་སྤོ་ལོ་རྒྱག་མཁན་དང་ལུས་རྩལ་པའི་འབད་བརྩོན་འོག་དེ་བས་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
         སྐབས་འདིའི་འགྲན་བསྡུར་ལྷོ་ཁ་གྲོང་ཁྱེར་དུ་ཉིན་8གཉེར་བ་དང་ལྷ་ས་དང་ནག་ཆུ་སོགས་ས་ཁུལ་དང་གྲོང་ཁྱེར་དྲུག་དང་ལྗོངས་ཐད་གཏོགས་ཁོངས་གཏོགས་ཀྱི་འཐུས་མིའི་རུ་ཁག་10བཅས་དང་ལུས་རྩལ་པ་200ཙམ་འགྲན་བསྡུར་ནང་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།