འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ལྗོངས་ཀྱི་རིམ་པ་མཐོ་ཤོས་ཀྱི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཁྲོད་ཆབ་མདོའི་རུ་ཁག་གིས་
    ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 17:09】   (རྩོམ་སྒྲིག་འགན་འཁུར་པ། ཀྒུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་25ཉིན་གྱི་ཕྱི་དྲོར། 2017ལོའི་བོད་རང་སྐྱོང་ལྗོངས་ཀྱི་རྐང་རྩེད་སྤོ་ལོ་ལེགས་སྐྱེས་ཀྱི་འགྲན་བསྡུར་མཇུག་བསྒྲིལ་ཞིང་། རྟིང་རྩོད་འགྲན་བསྡུར་ནང་ཆབ་མདོའི་རུ་ཁག་གིས་2:1གི་ཐོག་ནས་ཉིང་ཁྲིའི་རུ་ཁག་ཕམ་པར་བྱས་ནས་ཨང་དང་པོ་བླངས་པ་དང་། ལྷ་སའི་རུ་ཁག་གིས་ཨང་གསུམ་པ་བླངས་ཤིང་། སྐབས་གོང་མའི་ཨང་དང་པོ་བླངས་པའི་ནག་ཆུའི་རུ་ཁག་ཨང་བཞི་པར་ལྷུངས་པ་རེད།
         སྐབས་འདིའི་ཨང་དང་པོ་དང་ཨང་གཉིས་པ་བླངས་པའི་ཆབ་མདོ་དང་ཉིང་ཁྲིའི་རུ་ཁག་གཉིས་ཀྱིས་སྐབས་གོང་མའི་འགྲན་བསྡུར་ནང་ཚོ་ཆུང་གི་ཕྱིས་བསྡུར་འོས་བབ་ཀྱང་ཐོབ་མེད་རུང་། ད་ལོའི་རྟིང་རྩོད་འགྲན་བསྡུར་ཕྱེད་ཙམ་ནང་སོ་སོས་སྐབས་གོང་མའི་ཨང་དང་པོ་ནག་ཆུའི་རུ་ཁག་དང་རྩལ་ནུས་ཆེ་བའི་ལྷ་སའི་རུ་ཁག་ཕམ་པར་བྱས་པ་རེད། ཀུན་གྱིས་དོ་སྣང་བྱེད་པའི་ཨང་དང་པོ་སྲུང་མཁན་ནག་ཆུའི་རུ་ཁག་གིས་རྟིང་རྩོད་ཕྱེད་ཙམ་གྱི་འགྲན་བསྡུར་ནང་1:2ཀྱི་ཐོག་ནས་ཆབ་མདོའི་རུ་ཁག་ལ་མ་དོ་བ་མ་ཟད། དེའི་རྗེས་ཀྱི་ཨང་གསུམ་པ་བརྩོན་ལེན་བྱེད་་པའི་འགྲན་བསྡུར་ནང་3:4ཡི་ཐོག་ནས་ལྷ་སའི་རུ་ཁག་ལས་ཕམ་ནས་གཟེངས་རྟགས་ཐོབ་མེད་པ་རེད།
         ཐེངས་འདིའི་འགྲན་བསྡུར་ནང་ད་དུང"མི་སྒེར་གྱི་ལུས་རྩལ་ཀུན་སྤྱོད་སྲོལ་བཟང་བྱ་དགའ"དང་། "སྤོ་ལོ་སྒོའི་ནང་འཕེན་མཁས་ཤོས"  "སྒོ་སྲུང་མཁན་ལེགས་ཤོས" "སྒྲིག་འཛུགས་ཕུལ་བྱུང་གི་བྱ་དགའ"སོགས་མི་སྒེར་དང་ཚོགས་པའི་བྱ་དགའ་སྣ་མང་གནང་བ་རེད། དེར་མ་ཟད། སྐབས་འདིའི་འགྲན་བསྡུར་ལ་བོད་རང་སྐྱོང་ལྗོངས་ཀྱི་ཆེད་ལས་རུ་ཁག་ཐོག་མ་ལྷ་སའི་ཁྲེན་ཐོའུ་རུ་ཁག་ཀྱང་ཚོ་ཆུང་འགྲན་བསྡུར་ལ་ཞུགས་པ་དང་། འགྲན་ཐེངས་བཞི་པོ་ཚང་མར་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་བླངས་ཤིང་། སྤོ་ལོ་18སྒོའི་ནང་འཕེན་པ་དང་1ལས་ཤོར་མེད་ཡང་། སྐར་གྲངས་རྩིས་པ་ལས་ཨང་རིམ་རྩིས་པར་མ་ཞུགས་པས། རྟིང་རྩོད་འགྲན་བསྡུར་གྱི་དུས་རིམ་ལ་ཞུགས་མེད། རྒྱུས་ལོན་བྱུང་བ་ལྟར་ན། དུས་རིམ་རྗེས་མར་ལྷ་སའི་ཁྲེན་ཐིའུ་རུ་ཁག་ཀོང་ཏུང་དུ་སོང་ནས་གཅིག་བསྡུས་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། ཟླ་བ་8པར་ཀྲུང་གོའི་ག་རིམ་པའི་རིམ་མཚུངས་མཉམ་འགྲན་ལ་ཞུགས་པ་དང་ཀྲུང་གོའི་ཁ་རིམ་པའི་རིམ་མཚུངས་མཉམ་འགྲན་དུ་ཚུད་ཐབས་བྱ་རྒྱུའི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་པར་བཤད།
         བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་འགོ་འཛིན་ཟུར་པ་ལིའུ་ཅན་ཧྭ་ཡིས་ཐེངས་འདིའི་འགྲན་བསྡུར་ནི་བོད་ལྗོངས་ཀྱི་ལོ་འཁོར་མོའི་རིམ་པ་མཐོ་ཤོས་ཀྱི་རྐང་རྩེད་སྤོ་ལོ་འགྲན་བསྡུར་ཡིན་ལ། རྐང་རྩེད་སྤོ་ལོ་ལ་མཐོ་སྒང་དུའང་མང་ཚོགས་ཀྱིས་དགའ་པོ་ཆེན་པོ་ཞུ་བཞིན་ཡོད། "མིག་སྔར་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོ་ལུས་རྩལ་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཐེབས་ཡོད་མོད། འོན་ཀྱང་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོ་རྩེད་མཁན་དང་ལུས་རྩལ་པ་རྣམས་ཀྱིས་འབད་བརྩོན་ཆེན་པོ་གནང་བའི་འོག སྔར་ལས་ལེགས་ཤིང་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བར་ཡིད་ཆེས་ཡོད"ཅེས་གསུངས་པ་རེད། 
         སྐབས་འདིའི་འགྲན་བསྡུར་ལྷོ་ཁ་གྲོང་ཁྱེར་དུ་ཉིན་8བྱས་ཤིང་། ལྷ་ས་དང་ནག་ཆུ་སོགས་ས་ཁུལ་དང་གྲོང་ཁྱེར་དྲུག་དང་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་འཐུས་ཚབ་རུ་ཁག་10ཡི་ལུས་རྩལ་པ་200ལྷག་འགྲན་བསྡུར་ལ་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།