འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གུང་ཁྲན་ཏང་ཡོན་གྱིས་གངས་ལྗོངས་ས་མཐོའི་བོད་དབུས་དྲ་སྦྲེལ་ལས་གྲྭའི་ཐོག་འབད་འཐབ་བྱེད་པ།

    དཀའ་ཚེགས་ཅན་གྱི་ཡུལ་ནས་ཐོད་བརྒལ་གྱིས་འཚོ་གནས་ཀྱི་མཐའ་ཚད་ལ་འགྲན་སློང་བྱས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་23ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཨོ་རོང་གྲོང་རྡལ་ཡར་ཀླུང་གཙང་པོའི་ལྷོ་ངོགས་ཀྱི་རི་སྐེད་དུ་རྒྱལ་ཁབ་གློག་དྲ་ཧྲའན་ཤིས་གློག་གཏོང་གློག་སྒྱུར་ལས་གྲྭ་ཀུང་སིའི་ལས་བཟོས་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུའི་ཆན་ཧྥུའུ་500ཡོད་པའི་གློག་གཏོང་ལས་གྲྭའི་འགན་གཙང་ཉེར་གསུམ་པའི་ལྕགས་སྒྲོམ་ཨང་L67འཛུགས་བཞིན་ཡོད། གུང་ཁྲན་ཏང་ཡོན་ཚོས་ལས་ཡུལ་དུ“བོད་དབུས་དྲ་སྦྲེལ་བསྐྲུན་ནས་དམངས་ཕྱུག་བོད་དར་བྱ་རྒྱུ་དང་། ཏང་ཡོན་ཡིན་པའི་ངས་ནམ་ཡང་མདུན་དུ་བསྐྱོད་རྒྱུ། བདེ་འཇགས་འགན་ལེན་ཐོག་ནས་སྤུས་ཚད་ལེགས་ཤོས་གཏོད་རྒྱུ། དུས་བཀག་ལྟར་སྐྲུན་ཟིན་པ་བྱས་ནས་ཏང་ལ་གུས་འདུད་ཞུ”ཞེས་དམ་བཅའ་བཞག་པ་རེད། ཀུང་སི་འདིས་འགན་གཙང་བླངས་ནས་སྐྲུན་པའི་སྨན་གླིང་རྫོང་དང་སྣང་རྫོང་གི་ས་ཁོངས་སུ་ཡོད་པའི་ལས་གྲྭ་དེར་རིང་ཚད་སྟོང་སྨི་46×2དང་ལྕགས་སྒྲོམ་ཁྱོན་142ཡོད་པ་རེད། མིག་སྔར་ལྕགས་སྒྲོམ་གྱི་རྨང་གཞི་སྤྱིར་ན་བཏིང་ཟིན་ནས་ལྕགས་སྒྲོམ་སྒྲིག་པའི་ཚ་རླབས་འཕྱུར་བཞིན་ཡོད་པ་དང་2018ལོར་བེད་སྤྱོད་གཏོང་རྩིས་ཡོད་པ་རེད།
           བོད་ལྗོངས་བོད་དབུས་དང་ཆབ་མདོ་གློག་དྲ་དྲ་སྦྲེལ་ལས་གྲྭ་དང་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུའི་ཆན་ཧྥུའུ་500ཡོད་པའི་གློག་གཏོང་ལས་གྲྭ་གཉིས་ལས་གྲུབ་པའི་བོད་དབུས་དྲ་སྦྲེལ་ལས་གྲྭ་ནི་ད་བར་དུ་འཛམ་གླིང་ཐོག་རྙོག་འཛིང་ཆེ་ཤོས་དང་འཛུགས་སྐྲུན་གྱི་འགྲན་སློང་རང་བཞིན་ཆེ་ཤོས་ཀྱི་ས་མཐོའི་གློག་གཏོང་གློག་སྒྱུར་ལས་གྲྭ་ཞིག་རེད་ལ་མཚོ་བོད་གློག་ཤུགས་དྲ་སྦྲེལ་དང་ཁྲོན་བོད་གློག་ཤུགས་དྲ་སྦྲེལ་བསྐྲུན་རྗེས་ཀྱི་དཀའ་ཚེགས་ཅན་གྱི་ཡུལ་གྱིས་ཐོད་བརྒལ་དང་འཚོ་གནས་ཀྱི་མཐའ་ཚད་ལ་འགྲན་སློང་བྱེད་པའི་ས་བབ་ལྷག་པར་མཐོ་བ་དང་ཧེ་བག་ལྷག་པར་ཆེ་བའི“གློག་ཤུགས་མཁའ་ལམ”ལས་གྲྭ་གཞན་ཞིག་རེད། ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་162བཏང་བ་དང་འདི་ལོའི་ཟླ་4ཚེས་6ཉིན་དངོས་སུ་ལས་འགོ་ཚུགས་ཡོད། གློག་སྒྱུར་ས་ཚིགས་16གསར་སྐྲུན་དང་རྒྱ་སྐྱེད་གཏོང་རྒྱུ་དང་གསར་སྐྲུན་ལམ་ཐིག་གི་རིང་ཚད་སྟོང་སྨི་2738ཡོད། བོད་ཀྱི་ཆུ་གློག་ལག་རྩལ་ལ་བརྟེན་ནས་སྔོག་འདོན་ཆོག་པའི་གློག་གཤོང་ཚད་ཆན་ཝ་དུང་ཕྱུར་1.4ཡིན་པ་དང་ས་ཁུལ་དབུས་མའི་ཉི་འོད་ནུས་པ་དང་རླུང་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་གཞི་ཁྱོན་ཆེ་བའི་འོད་ཤུགས་གློག་ཁང་དང་རླུང་ནུས་གློག་ཁང་སོགས་འཛུགས་པའི་ནུས་རྒྱུ་གསར་པའི་ཐོན་ཁུངས་ཆ་རྐྱེན་འཛོམས་ཡོད། བོད་དབུས་དྲ་སྦྲེལ་བསྐྲུན་རྗེས་ཐོག་མར་ཕྱིར་གློག་ཆན་ཝ་ཁྲི་40གཏོང་རྒྱུའི་ནུས་པ་ལྡན་པ་དང་རྗེས་སུ་ཆན་ཝ་ཁྲི་100ཡན་མཐོ་རུ་འགྲོ་རྒྱུ་རེད། བོད་ཀྱི་གློག་དྲ་དང་གློག་གནོན་གྱི་རིམ་པ་ཆན་ཧྥུའུ་200ནས་500བར་འཕར་རྒྱུ་དང་བོད་དབུས་དང་བོད་ཤར་གྱི་གློག་དྲ་སྦྲེལ་ནས་རིམ་བཞིན་མཚོ་སྔོན་དང་སི་ཁྲོན་གྱི་གློག་དྲ་དང་སྦྲེལ་རྒྱུ་དང་། དེས་བོད་ཀྱི་ས་ཁུལ་དབུས་མ་དང་ཤར་མའི་གློག་དྲའི་བཀོད་པ་ཆགས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་སླད་ཕྱིན་གྱི་བོད་ཀྱི་ཆུ་གློག་སོགས་དྭངས་གཙང་ནུས་རྒྱུ་དང་གློག་དང་འོད་སོགས་ནུས་རྒྱུ་གསར་པ་ཕྱིར་འདྲེན་ཆེད་རྨང་གཞི་བརྟན་པོ་འདིང་ཐུབ་རྒྱུ་རེད།
          ལམ་རྒྱུད་ཀྱི་ཨར་ལས་བྱ་ཡུལ་གྱི་ཆ་སྙོམས་ས་བབ་སྨི་4000ལྷག་ཟིན་པ་དང་འཕྲེད་རྒྱུག་རི་རྒྱུད་ཀྱི་ས་ཆ་གཙོ་བོ་དང་མཚོ་བོད་ས་མཐོའི་དབུས་ཁུལ་བརྒྱུད་པའི་བོད་དབུས་དྲ་སྦྲེལ་ལས་གྲྭ་འདི་འཛམ་གླིང་ཐོག་ས་གཤིས་གྲུབ་ཆ་རྙོག་འཛིང་ཆེ་ཤོས་དང་ས་གཤིས་གནོད་འཚེ་ཁྱབ་རྒྱ་ཆེ་ཤོས་ཀྱི“གཙང་གསུམ”གས་སྲུབས་ས་རྒྱུད་དུ་གནས་ཡོད། དེ་ནི་ཨར་ལས་ཀྱི་དཀའ་ཚེགས་ཆེ་ཤོས་དང་། སྐྱེལ་འདྲེན་གྱི་ཆ་རྐྱེན་ཞན་ཤོས། ཁོར་ཡུག་སྲུང་སྐྱོང་གི་རེ་བ་མཐོ་ཤོས། སྐྱོན་བྲལ་འགན་ལེན་བྱེད་དཀའ་ཤོས་བཅས་ཀྱི་ལས་གྲྭ་ཞིག་རེད། “གློག་གཏོང་གློག་སྒྱུར་ཧྲག་དམག”ཅིག་ཡིན་པའི་རྒྱལ་ཁབ་གློག་དྲ་ཧྲའན་ཤིས་གློག་གཏོང་གློག་སྒྱུར་ལས་གྲྭ་ཀུང་སིས“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་བྱེད་པ། བཀོད་སྒྲིག་ཞིབ་ཚགས་བྱེད་པ། མཚོ་བོད་དང་ཁྲོན་བོད་ཀྱི་དྲ་སྦྲེལ་ལས་གྲྭ་འཛུགས་སྐྲུན་གྱི་ཉམས་མྱོང་ཕྱོགས་ཡོངས་ནས་དཔྱད་གཞིར་འཛིན་པ། ལྟ་སྐུལ་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འཛུགས་སྐྲུན་གྱི་དཀའ་གནད་རྒྱུན་ཆད་མེད་པར་སེལ་བ། གངས་ལྗོངས་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ། བདེ་འཇགས་དང་། སྤུས་ཚད། ཁོར་ཡུག་སྲུང་སྐྱོང་། འཕེལ་རིམ་བཅས་དམ་པོར་བཟུང་སྟེ་དམངས་ཕྱུག་བོད་དར་གྱི་ཕན་སྦྱར་འདུ་འགོད་དང་། དམངས་སེམས་འདུ་འགོད། འཐབ་ཇུས་འདུ་འགོད་བཅས་ཡག་པོ་བསྐྲུན་ནས་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་སྒྱུར་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་རང་ཉིད་ཀྱི་ནུས་པ་ལེགས་སྐྱེས་སུ་ཕུལ་དང་འབུལ་མུས་རེད།
      

    ཕྱོགས་བསྡུས་གསར་འགྱུར།