འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཡར་ཀླུང་གཙང་པོའི་རྒྱུད་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་སྣོད་བཅུད་དབུལ་སྐྱོར་རྣམ་གྲངས་སྤེལ་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་17ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    སྡོང་ཕྲུག་ལ་ཆུ་རྒྱག་པ།
    སྡོང་ཕྲུག་ལ་ཆུ་རྒྱག་པ།
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་12ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་བྱེ་འགོག་བྱེ་བཅོས་ཀྱི་སྣོད་བཅུད་དབུལ་སྐྱོར་རྣམ་གྲངས་དེ་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དུ་དངོས་སུ་སྤེལ་འགོ་ཚུགས་པ་དང་། དེ་ལས་ཡར་ཀླུང་གཙང་པོའི་ལྷོ་ཁའི་རྒྱུད་ཀྱི་བྱང་ངོས་ལ་ཕྱོགས་བསྡུས་སྲུང་སྐྱོང་སྒོས་གསར་སྤེལ་བྱ་རྒྱུར་དོན་དམ་པའི་གོམ་སྟབས་སྤོས་པ་མཚོན་ཡོད།
           རྣམ་གྲངས་ནང་བྱེ་འགོག་བྱེ་བཅོས་དང་། སྣོད་བཅུད་འགོག་སྲུང་ནགས་འཛུགས་སྐྲུན་ལས་གྲྭ ཁྱད་ལྡན་དཔལ་འབྱོར་ནགས་ཤིང་འཛུགས་སྐྲུན། སྣོད་བཅུད་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བཅས་ནང་དོན་བཞི་ཚུད་པ་དེ་དག་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དང་། གོང་དཀར་རྫོང་། སྣེ་གདོང་ཆུས། ཟངས་རི་རྫོང་། འཕྱོངས་རྒྱས་རྫོང་བཅས་ལ་ཁྱབ་ནས་འཛུགས་སྐྲུན་རྒྱ་ཁྱོན་མུའུ་ཁྲི་65ཟིན་གྱི་ཡོད།
           ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ནི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་བྱ་བར་མཁས་པའི་ཁེ་ལས་ཏེ་དབྱི་ལི་ཐོན་ཁུངས་ཚོགས་པས་གཙོ་བོར་ལག་བསྟར་བྱེད་པ་དང་། ཀྲུང་གོའི་PPPཐེབས་རྩ་(ཀྲུང་གོ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་དངུལ་མཉམ་ལས་མཉམ་འདྲེས་ཀྱི་རོགས་སྐྱོར་མ་དངུལ)དང་། རྒྱལ་ཁབ་གསར་སྤེལ་དངུལ་ཁང་། ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་བཅས་ཀྱི་རྒྱབ་སྐྱོར་ཐོབ་ཅིང་། བོད་ཀྱི་སྣོད་བཅུད་བཅོས་སྐྱོང་ལས་དོན་ཁྲོམ་རར་འགྱུར་བའི་བྱེད་སྟངས་ལྡན་པའི་དཔེ་སྟོན་འདུ་འགོད་གལ་ཆེན་ཞིག་ཡིན་པ་རེད། གྲོས་མཐུན་གྱི་ཁ་ཆད་ལྟར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་དང་། ཀྲུང་གོའི་PPPཐེབས་རྩ། དབྱི་ལི་ཐོན་ཁུངས་ཚོགས་པ། ལྷོ་ཁ་གྲོང་ཁྱེར་བཅས་ཀྱིས་མཉམ་དུ་མ་དངུལ་སྒོར་དུང་ཕྱུར་300གཏོང་རྒྱུ་ཡིན་པ་རེད།
           རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དབྱི་ལི་ཐོན་ཁུངས་ཚོགས་པའི་ཏུང་ཧྲི་ཀྲང་ཝང་ཝུན་པེའོ་ཡིས“རྣམ་གྲངས་དེའི་དམིགས་ཡུལ་ནི་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་ཡག་ཏུ་གཏོང་བ་དང་ཆབས་ཅིག ལས་ཞུགས་ཀྱི་གོ་སྐབས་དང་ཐོན་ལས་འདེགས་སྐྱོར་མཁོ་འདོན་བྱས་ནས་བོད་ཀྱི་དབུལ་སྐྱོར་གནད་སྨིན་ལ་རོགས་རམ་བྱ་རྒྱུ་དེ་ཡིན”ཞེས་བཤད།
          རྣམ་གྲངས་ཐད“ཀུང་སི་དང་ཞིང་དུད་ཟུང་འབྲེལ”དང་། “ཁེ་ལས་དང་རྟེན་གཞི་ཟུང་འབྲེལ”གྱི་བྱེད་སྟངས་ལ་བརྟེན་ནས་སྔོན་ལ་དེ་གའི་དུད་ཚང་དབུལ་པོར་ཤིང་འཛུགས་དང་གཡོག་བྱེད་སོགས་བྱེད་དུ་བཅུག་ནས་ལས་ཞུགས་ཀྱི་གོ་སྐབས་སྤྲོད་ཅིང་། ཤིང་འཛུགས་བྱེད་མཁན་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་གྱི་གྲ་རབ་གྲོང་ཚོའི་ཡུལ་མི་ཡོན་ཏན་གྱིས་ཉིན་རེར་གླ་ཆ་སྒོར་150རག་གི་ཡོད་པ་དང་། ཁོང་གིས“རྣམ་གྲངས་དེས་གཅིག་ནས་ང་ཚོའི་ཕ་ཡུལ་སྔོ་ལྗང་ཅན་དུ་འགྱུར་བ་དང་། གཉིས་ནས་སྒོ་རྩ་ནས་ཡོང་སྒོ་གསོག་ཐུབ་པས་བསམ་ཡུལ་ལས་འདས་སོང”ཞེས་བཤད།
          དབྱི་ལི་ཐོན་ཁུངས་ཚོགས་པའི་རྣམ་གྲངས་ཀྱི་འགན་འཁུར་བས་ཀུང་སིས“དྲོད་རླུང་གི་ཁ་ཕྱོགས་ལ་གཞིགས་ནས་ཤིང་འཛུགས་བྱེད་ཐབས”དང་། “ཤིང་མངར་སྤོ་འདེབས་ཀྱི་ལག་རྩལ” “གཡུ་གཞོང་དུ་ཐིགས་ཆུ་གཏོང་བའི་ནགས་བཟོའི་ལེ་ལག་ཚང་བའི་ལག་རྩལ”སོགས་སྤྱད་པས་ཤིང་འཛུགས་ནགས་བཟོ་བྱས་པའི་སྐྱེ་ཚད་མཐོ་རུ་སོང་ཡོད།
           བཟོ་པ་ཚོས་བྱེ་ཐང་ལ་ཆུ་མདས་ཁུང་བུ་འཕིགས་པའི་ཤུལ་ལ་གཞན་གྱིས་འཕྲལ་མར་བྱེ་ལྕང་འཛུགས་བཞིན་པ་གསར་འགོད་པས་མཐོང་བྱུང་། མི་རིང་བར་བྱེ་ལྕང་གིས་ཁེངས་ནས་སྔོ་ལྗང་གི་མཛེས་ལྗོངས་ཤིག་མཐོང་ཆོས་སུ་འགྱུར་རྒྱུ་རེད།
           ཉིན་དེར་དབྱི་ལི་ཐོན་ཁུངས་ཚོགས་པ་དང་ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་གིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་དེ། ཕྱོགས་གཉིས་ཀས་རྣམ་གྲངས་དེ་ཁེ་ལས་ཀྱིས་བོད་སྐྱོར་དང་སྣོད་བཅུད་མཉམ་བཅོས་ཀྱི་དམངས་ཕན་དཔེ་མཚོན་འདུ་འགོད་ཅིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།