འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཆུ་དམ་རྙིང་པར་དོ་དམ་བྱ་རྒྱུའི་གྲོས་འགོ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་21ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། དབྱར་དུས་ཤར་བ་དང་འགྱིག་དམ་ནང་བླུགས་པའི་འཐུང་ཆུ་ཡང་ཁྲོམ་རར་བྲིན་པོ་ཡོད་ཅིང་། འགྱིག་དམ་ནང་བླུགས་པའི་འཐུང་ཆུ་འཚོང་མཁན་འགའ་ཞིག་གིས་ལོ་མང་སྤྱད་པའི་འགྱིག་དམ་བདར་ཟད་ཆེན་པོ་ཐེབས་པ་བཙོང་གི་ཡོད། འདི་ལྟ་བུའི་ཆུ་དམ་སྤྱད་ན་བདེ་འཇགས་ཡོད་དམ། འཛད་སྤྱོད་པའི་བདེ་ཐང་ལ་ཤུགས་རྐྱེན་གང་ཞིག་ཐེབས་སམ།
             ཚོས་མདོག་ལོག་པ་དང་། ཡི་གེ་གསལ་པོ་མེད་པ། ཆུ་དྭངས་པོ་མེད་པ་སོགས་དེ་དག་ནི་ཧན་ལེན་པང་གིས་གཞུང་ལས་ཁང་ནང་བཞག་པའི་འཐུང་ཆུའི་འགྱིག་དམ་ནས་མཐོང་བའི་གནས་ཚུལ་ཡིན། འཐུང་ཆུའི་འཕྲུལ་ཆས་སྟེང་མགོ་རྟིང་སློག་ནས་བཞག་པའི་ཆུ་དམ་ལ་འགྱིག་ཤོག་གཡོག་པ་དང་འགྱིག་དམ་གྱི་མཐིལ་བདར་ཟད་ཆེན་པོ་ཐེབས་པ་དང་ཐོན་སྐྱེད་དུས་ཚོད་ནི་2010ལོ་ཡིན་པ་རེད།
           “ངས་ཆུ་དམ་དེ་རྙིང་པ་ཞིག་ཡིན་པ་ཤེས་བྱུང་། ཆུ་འཐུང་སྐབས་བྲོ་བ་མི་འདྲ་བ་མེད་མོད། འོན་ཀྱང་བཏུངས་རྗེས་གྲོད་ཁོག་ཉི་མ་ཁ་ཤས་ན་བྱུང”ཞེས་ཧན་ལེན་པང་གིས་བཤད།
           ཧན་ལེན་པང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་གྲོང་ནུབ་ཁུལ་དུ་སྡོད་པ་དང་ཕྱུགས་སྨན་ཚོང་ཁང་བཙུགས་ནས་ལོ་10འགྲོ་གི་ཡོད། ཁོང་གིས་གཟའ་འཁོར་རེར་དྭངས་གཙང་འཐུང་ཆུ་འགྱིག་དམ་གཉིས་ཉོ་གི་ཡོད་པ་དང་ཆུའི་རིན་གོང་ཡང་འགྱིག་དམ་རེར་སྒོར་5ནས་ད་ལྟའི་སྒོར་12བར་འཕར་ཡོད། ཁོང་གིས་དུས་རྒྱུན་ངས་ཆུའི་ཐོན་སྐྱེད་དུས་ཚོད་ལ་ཞིབ་ཕྲ་ལྟ་བ་ལས་འགྱིག་དམ་གྱི་ཆ་འཕྲིན་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་ཅེས་བཤད།
          ཧན་ལེན་པང་ལ་འཕྲད་པའི་གནས་ཚུལ་དེ་སློབ་གྲྭ་ཐོན་ཉེར་ཡོད་པའི་སློབ་གྲྭ་ཆེ་མོ་བ་ཀྲའོ་ཧྥུང་ཁྲུན་ལའང་འཕྲད། འདི་ལོ་སློབ་འགོ་ཚུགས་མ་ཐག་བསྐྱལ་བའི་འཐུང་ཆུ་དེ་དུས་རྒྱུན་དང་མི་འདྲ་བར་བྲོ་བ་ཞིམ་པོ་གཏན་ནས་མེད་པ་རེད།
          “ང་ཚོས་སྐབས་དེ་དུས་ཁ་པར་བརྒྱབ་ནས་ཆུ་འགྱིག་དམ་གཅིག་མངགས་པ་ཡིན། དེ་འབྱོར་རྗེས་ཐོན་སྐྱེད་དུས་ཚོད་ལ་ཞིབ་ཕྲ་ལྟ་སྐབས་གཟའ་འཁོར་གཅིག་གོང་ཐོན་སྐྱེད་བྱས་པ་ཞིག་ཡིན་པ་ཤེས་རྗེས་བློ་བདེ་པོས་བཏུངས་པ་ཡིན། འོན་ཀྱང་དེ་ཉིན་མཚན་མོ་ང་ཚོའི་ཉལ་ཁང་གི་སློབ་གྲོགས་ཚང་མ་གྲོད་ཁོག་བཤལ་སོང་། ཡང་བསྐྱར་འགྱིག་དམ་གྱི་ཁར་ལྟ་སྐབས་བདར་ཟད་ཆེན་པོ་ཐེབས་ནས་ཚོས་མདོག་ཀྱང་ལོག་པ་དང་འགྱིག་དམ་གྱི་ཐོན་སྐྱེད་དུས་ཚོད་ཀྱང་བདར་ཟད་ཐེབས་ནས་གསལ་པོ་མཐོང་རྒྱུ་མི་འདུག”ཅེས་ཀྲའོ་ཧྥུང་ཁྲུན་གྱིས་དྲན་གསོ་བྱེད་བཞིན་དུ་བཤད།
          འཐུང་ཆུའི་འགྱིག་དམ་གཅིག་དུས་ཡུན་ཇི་ཙམ་སྤྱོད་ཆོག་པའི་གནད་དོན་ལ་དམིགས་ཏེ་ཟི་ལིང་གྲོང་ཁྱེར་གྱི་ཆུ་སྐྱེལ་ས་ཚིགས་མང་པོ་ཞིག་གི་ལས་དོན་མི་སྣར་བཅར་འདྲི་བྱེད་སྐབས་རྒྱལ་ཁབ་ཀྱིས་དེའི་ཐད་གཏན་འབེབས་ཁ་གསལ་ཞིག་བྱས་མེད། ཐོན་སྐྱེད་ཁེ་ལས་ཀྱིས་རང་ངོས་གནས་ཚུལ་ལ་གཞིགས་ཏེ་ལོ་ལྟར་གསར་པ་བརྗེ་གི་ཡོད་ཅེས་བཤད། འོན་ཀྱང་དུས་ཡུན་ཇི་ཙམ་སྤྱོད་ཆོག་པའི་ཐད་ཁོང་ཚོས་ལན་ཁ་གསལ་ཞིག་བཏབ་མ་བྱུང་།
            ཟི་ལིང་ཙོང་ཆུའི་འགྲམ་གྱི་ཆུ་སྐྱེལ་ས་ཚིགས་ཤིག་ནས་འགྱིག་དམ་སྟོང་པ་ཞིག་བླངས་ཏེ་ལྟ་སྐབས་འགྱིག་དམ་མཐིལ་དུ་བཀོད་པའི་ཐོན་སྐྱེད་དུས་ཚོད་ཡོལ་ནས་ལོ་5ལྷག་ཙམ་ཕྱིན་འདུག
            “ཆུ་དམ་གཅིག་ལ་སྒོར་30ཙམ་བྱེད་པ་དང་འཁོར་རྒྱུག་ཐེངས་30བྱས་ན་མ་རྩ་ལྷོག་གི་ཡོད། ཚད་ལྡན་ཀུང་སི་ཞིག་ཡིན་ཕྱིན་སྤྱིར་ན་ལོ་3ནས་5བར་སྤྱད་རྗེས་གསར་པ་བརྗེ་གི་ཡོད”ཚད་ལྡན་བཟོ་གྲྭ་ཚང་མར་འགྱིག་དམ་གཙང་བཟོའི་གོ་རིམ་10ཡན་བརྒྱུད་ནས་དུག་སེལ་གཙང་བཟོ་བྱེད་ཀྱི་ཡོད། འོན་ཀྱང་དངོས་སུ་ལག་ལེན་བསྟར་སྐབས་བཟོ་ཁང་ཆུང་ཆུང་མང་པོ་ཞིག་སྒྲིག་ཆས་ཚད་མ་ལོན་པས་ཆུའི་ནང་འབུ་ཕྲ་མང་པོ་ཐོན་གྱི་ཡོད་ཅེས་མཚོ་སྔོན་འཐུང་ཆུ་འགྱིག་དམ་ཀུང་སིའི་ཕྱིར་ཚོང་ཅིང་ལི་ཀྲའོ་རེན་ཀྲེང་གིས་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
           དཔྱད་གཞིའི་ཡིག་ཆ་ལས་མངོན་པར་འཐུང་ཆུའི་འགྱིག་དམ་ཇི་ཙམ་སྤྱོད་དགོས་མིན་ཐད་རྒྱལ་ཁབ་ཀྱིས་མིག་སྔར་གཏན་འབེབས་ཁ་གསལ་བྱས་མེད་པ་རེད།
          “བཟའ་བཅའ་རིམ་པ་དེ་རིགས་ཀྱི་PCའགྱིག་དམ་ནི་བདེ་འཇགས་དང་བློས་འགེལ་ཆོག་པ་ཞིག་རེད། འོན་ཀྱང་སྤྱོད་སྐབས་གལ་ཏེ་བརྡབས་སྐྱོན་བྱུང་བ་དང་ཉི་འོད་ཕོག་ན་མདོག་ལོག་འགྲོ་བ་དང་གཟུགས་པོར་གནོད་པའི་འབུ་ཕྲ་ཐོན་གྱི་ཡོད”ཅེས་ནུབ་བྱང་དགེ་འོས་སློབ་ཆེན་རྫས་འགྱུར་བཟོ་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་སུང་ཕུང་ཧྥེ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད།
            མཚོ་སྔོན་དགེ་འོས་སློབ་ཆེན་སྲིད་ཁྲིམས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་སུན་ཁྲུང་ཁའེ་ཡིས་ཁྲིམས་འཛུགས་ཀྱི་ཐོག་ནས་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་བཏོན་ཏེ་འཐུང་ཆུའི་འགྱིག་དམ་ལ་དོ་དམ་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།