འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”གི་གོ་སྐབས་ཆེན་པོ་དམ་དུ་བཟུང་ནས་མཚོ་སྔོན་གྱི་སྒོ་དབྱེའི་
    རྣམ་པ་གསར་པ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་21ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ལོ་བཞིའི་གོང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོའི་ནུས་པ་ཞན་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་རྙོག་འཛིང་ཆེ་བའི་གནས་ཚུལ་ལ་དམིགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཟིགས་རྒྱང་རིང་པོའི་ཐོག་ནས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་གལ་ཆེན་བཏོན་གནང་ཡོད། བརྗིད་ཆེའི་དགོངས་པ་དེས་ཀྲུང་གོའི་རེས་སྐོར་གསར་པའི་ཕྱི་ཕྱོགས་སྒོ་དབྱེར་ཡངས་པའི་ལས་སྟེགས་ཤིག་བཏོད་པ་མ་ཟད། ལམ་རྒྱུད་རྒྱལ་ཁབ་དང་ཐ་ན་འཛམ་གླིང་རྒྱལ་ཁབ་ཁག་གི་ཤེས་དཔལ་ཕན་ཚུན་སློབ་སྦྱོང་དང་སྤེལ་རེས་མཉམ་ལས་ཡོང་བར་སྔར་བྱུང་མ་མྱོང་བའི་གོ་སྐབས་ཆེན་པོ་ཞིག་སྦྱིན་ཡོད།
              མཚོ་སྔོན་ནི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དཔལ་འབྱོར་ཁུལ་གྱི་ལྟེ་བར་གནས་ཤིང་། ཀྲུང་གོའི་བྱང་རྒྱུད་མྱ་ངམ་ཐང་དང་ཤིན་ཅང་དང་དེ་བཞིན་རྒྱ་གར་སོགས་དང་འབྲེལ་བའི་གནའ་བོའི་དར་གོས་ལམ་བུར་སྐྱོད་སྐབས་བརྒྱུད་དགོས་པའི་ས་ཆ་ཞིག་ཡིན་པ་མ་ཟད། སྔོན་ཀྲུང་གོ་དང་ནུབ་ཕྱོགས་འགྲོ་འོང་བགྲོད་ལམ་ཆེ་མོའི་ཚོང་དོན་དང་རིག་གནས་སྤེལ་རེས་ཀྱི་བར་བརྒྱུད་ས་ཚིགས་ཤིག་ཀྱང་ཡིན། མཚོ་སྔོན་དེ་ལོ་རྒྱུས་ཐོག་བྱུང་བའི “ཐང་བོད་གནའ་ལམ”གྱི་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་པས་ཀྲུང་གོའི་དབུས་རྒྱུད་རིག་གནས་དང་ཉེ་འཁོར་རིག་གནས། ཞིང་ལས་ཤེས་དཔལ་དང་འབྲོག་ལས་ཤེས་དཔལ་ཕན་ཚུན་སྤེལ་རེས་དང་བརྒྱུད་སྤེལ་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཡིན། གཞན་ཡང་མཚོ་སྔོན་ནི་ཀྲུང་གོའི་འཐབ་ཇུས་ཐོན་ཁུངས་འབྲེལ་མཐུད་བྱ་ཡུལ་དང་ཨེ་ཤེ་ཡའི་སྣོད་བཅུད་སྲུང་ཡོལ་ཆེ་ཤོས་ཀྱང་ཡིན། དེར་དམིགས་བསལ་ཀྱི་ས་བབ་གནས་སྟངས་དང་། རིག་གནས་འབྱུང་ཁུངས། ཐོན་ཁུངས་ལེགས་ཆ་དང་སྣོད་བཅུད་བཟང་བའི་ནུས་པ་ལྡན་སྟབས་རང་རྒྱལ་གྱིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གཏོད་པའི་སྒོ་དབྱེའི་འཐབ་ཇུས་ཁྲོད་མཚོ་སྔོན་གྱིས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གནས་བབ་གལ་ཆེན་བཟུང་ཡོད། དོན་སྙིང་དེ་དག་ཐོག་ནས་བརྗོད་ཚེ། མཚོ་སྔོན་ལ་ཕྱོགས་ཡོངས་ནས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་དང་མཉམ་འདྲེས་ཟབ་མོ་ཡོང་བ་བྱེད་པར་མི་མངོན་པའི་ནུས་པ་ཆེ་ཞིང་མདུན་ལམ་ཡང་རྒྱ་ཆེན་པོ་ལྡན་ཡོད།
            མཚོ་སྔོན་དེ་སྐམ་སའི་ནང་ཁོངས་སུ་གནས་པ་དང་། ལོ་མང་རིང་ཕྱི་ཕྱོགས་སྒོ་བྱེད་དེ་རང་ངོས་འཕེལ་རྒྱས་མགྱོགས་སུ་གཏོང་བའི་རྨང་གཞིའི་འཐབ་ཇུས་ཤིག་ཏུ་ཐོག་མཐའ་བར་གསུམ་དུ་བརྩིས་ནས་རང་རྟོགས་ངང་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ཁྲོད་མཉམ་འདྲེས་བྱས་པར་ཤེས་ལྡན་པ་དང་། ལག་རྩལ། མ་དངུལ། ཆ་འཕྲིན་བཅས་རྒྱུན་མི་ཆད་པར་ཐོབ་ཅིང་། 2014ལོ་ནས་བཟུང་། ཀྲུང་གོ·མཚོ་སྔོན་གྱིས་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་འདུ་ཚོགས་དང་། ཀྲུང་གོ་(མཚོ་སྔོན)རྒྱལ་སྤྱིའི་དབྱི་སི་ལམ་གྱི་བཟའ་རིགས་དང་ཉེར་སྤྱོད་འགྲེམས་ཚོགས་དང་དེ་བཞིན་ཀྲུང་གོའི་མཚོ་སྔོན་བོད་རུམ་རྒྱལ་སྤྱིའི་འགྲེམས་ཚོགས་སོགས་འགྲེམས་ཚོགས་གལ་ཆེན་གཉེར་ནས“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་འཕེལ་རྒྱས་ཀྱི་གོ་དོན་ཤུགས་ཆེར་བསྒྲགས་པ་དང་། 2014ལོར་མཚོ་སྔོན་གྱིས་ནུབ་རྒྱུད་ཞིང་ཆེན་ཁྲོད་དར་གོས་ལམ་བུའི་རྒྱུད་ཀྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲལ་སྒོར་ཚོགས་འདུ་ཐོག་མར་འཚོགས་ཤིང་། མཚོ་སྔོན་གྱི་གྲུབ་ཆ་ལེགས་སྒྲིག་དང་མ་འཇོག་ངོ་འཕྲད་གྲོས་མོལ་འདུ་ཚོགས་ལོ་གཉིས་བསྟུད་མར་ཆེད་མངགས་གཉེར་ནས“རྒྱུད་གཅིག་ལམ་གཅིག”གི་མཐོ་རིམ་གླེང་སྟེགས་དང་མཉམ་ལས་འཕེལ་རྒྱས་གླེང་སྟེགས་དང་ཡོངས་སུ་འདྲེས་པར་བྱས་པ་མ་ཟད། སྤེལ་རེས་བྱེད་སྒོ་རབ་དང་རིམ་པ་གཉེར་བས“ངོ་བོའི་འགྱུར་ལྡོག”གི་ནུས་པ་ཐོན་ནས་མཉམ་ལས་ཀྱི་རྣམ་གྲངས་གསར་པ་དང་སྒོ་དབྱེའི་བསམ་ཕྱོགས་གསར་པ་མང་པོ་བྱུང་ཡོད། 2015ལོར་མཚོ་སྔོན་གྱིས་ཏུར་མེན་སི་ཐན་དང་ནེ་པ་ལའི་དབར་དཔལ་འབྱོར་ཚོང་དོན་འབྲེལ་གཏུག་ཁྲུའུ་བཙུགས་ཏེ་དར་གོས་ལམ་རྒྱུད་རྒྱལ་ཁབ་དབར་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་བ་དང་། 2015ལོར་མཚོ་སྔོན་དང་ལམ་རྒྱུད་རྒྱལ་ཁབ་དབར་མཉམ་ལས་སྤེལ་རེས་རྣམ་གྲངས་41གཏན་ལ་འཁེལ་བ། ཀྲུང་གོར་བཅའ་སྡོད་ཐུར་ཁེ་དང་། དབྱི་རན། ནེ་པ་ལ། ཕ་ཁི་སི་ཐན། ཏུར་མེན་སི་ཐན་སོགས་དར་གོས་ལམ་རྒྱུད་རྒྱལ་ཁབ་ཀྱི་ཕོ་ཉ་དང་། ཚོང་དོན་སྒྲིག་གཞི། ཁེ་ལས་བཅས་མཚོ་སྔོན་དུ“མཚོ་སྔོན་གྱི་ངོ་འཕྲོད་གྲོས་མོལ་འདུ་ཚོགས”དང་། “དབྱི་སི་ལམ་གྱི་བཟའ་རིགས་འགྲེམས་ཚོགས”“བོད་རུམ་འགྲེམས་ཚོགས”ནང་གཅིག་མཇུག་གཉིས་མཐུད་ངང་གདན་དྲངས་ནས་རྒྱལ་ཁབ་སོ་སོའི་ཡུལ་སྲོལ་གོམས་གཤིས་ཅི་འདྲ་ཡིན་པ་ཤེས་སུ་བཅུག་པ་དང་འགྲེམས་ཚོགས་ཐོག་རང་རྒྱལ་གྱི་ཚོང་ཟོག་བཙོངས་པ་དང་ཕན་ཚུན་ལེགས་ཆ་གསབ་པ་དང་གཉིས་ཁེ་གཉིས་ཕན་ཡོང་བའི་མཉམ་ལས་རྣམ་གྲངས་ལ་མིང་རྟགས་བཀོད་པ་སོགས་ཀྱང་བྱས་ཡོད།
              2016ལོའི་མཚོ་སྔོན་གྱི་གྲུབ་ཆ་ལེགས་སྒྲིག་དང་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་འདུ་ཚོགས་རིང་། “‘རྒྱུད་གཅིག་ལམ་གཅིག’དང་མཉམ་འདྲེས་ཟབ་མོ་ཡོང་བའི་མཐོ་རིམ་གླེང་སྟེགས”གཉེར་རིང་ཚོགས་ཞུགས་རིགས་གཅིག་མཁས་པ་དང་མཉམ་དུ་མཚོ་སྔོན་གནས་ཡུལ་གྱི་ལེགས་པ་དང་། འགྲིམ་འགྲུལ་གྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ། སྣོད་བཅུད་བཟང་བའི་ལེགས་ཆ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལེགས་ཆ་སོགས་ཀྱི་ལྟ་ཕྱོགས་དང་བང་རིམ་མི་འདྲ་བའི་ཐོག་ནས་མཚོ་སྔོན་གྱི་ལེགས་ཆ་ཆེ་རིགས་རྒྱས་བཤད་བྱེད་པ་དང་། “རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་རྟེན་ས་གཏོད་པ། ལྗང་མདོག་འཕེལ་རྒྱས་གཏོང་ལམ་གྱི་བསམ་ཕྱོགས་བཟོ་བ། མཚོ་སྔོན་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ནང་ཞུགས་པ་དང་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་བསྐྲུན་པའི་ལག་བསྟར་ཇུས་གཞི་སྔར་བས་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”དང་མཉམ་འདྲེས་ཡོང་བའི་རྒྱལ་ཁབ་འཐབ་ཇུས་ཀྱི་བསམ་ཕྱོགས་ཀྱི་བྱེད་ཐབས་ནུས་ལྡན་ངང་ཕུན་སུམ་ཚོགས་སུ་བཏང་བས་ནུབ་རྒྱུད་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་མཚོ་སྔོན་གྱི་ཡིད་ཆེས་དང་གོམ་སྟབས་སྔར་བས་བརྟན་དུ་སོང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།