མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་གི་དམིགས་བསལ་ཕོ་ཉ་ལི་ཧའེ་ཙན་དང་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་21ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

      མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧན་གོའི་ཙུང་ཐུང་གི་དམིགས་བསལ་ཕོ་ཉ་ལི་ཧའེ་ཙན་དང་མཇལ་འཕྲད་གནང་བ་རེད།
       ཞི་ཅིན་ཕིང་གིས་ཀྲུང་ཧན་རྒྱལ་ཁབ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཅིག་རེད། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25སོང་ཚུན་ཕྱོགས་གཉིས་པོའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་ཆེན་པོ་བསྐྲུན་ཡོད་ལ། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་ལ་ལེགས་སྐྱེས་གལ་ཆེན་ཡང་ཕུལ་ཡོད། མིག་སྔར་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འགག་རྩའི་དུས་མཚམས་སུ་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧན་གྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཧན་གོ་ཕྱོགས་དང་མཉམ་དུ་ལས་སླ་པོར་བྱུང་བ་མ་ཡིན་པའི་ཀྲུང་ཧན་གྱི་འབྲེལ་བའི་གྲུབ་འབྲས་སྲུང་སྐྱོང་བྱས་ཏེ་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཆབ་སྲིད་ཐད་ནས་ཕན་ཚུན་ཡིད་ཆེད་བྱེད་ཚད་བརྟན་དུ་གཏོང་བ་དང་། འགལ་ཟླ་ཐག་གཅོད་འོས་འཚམ་བྱེད་པ། ཀྲུང་ཧན་གྱི་འབྲེལ་བ་སྔ་ཙམ་རྒྱུན་གཏན་གྱི་སྲོལ་ལམ་དུ་སྐྱོད་པར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ལེགས་སུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་ཕན་པ་སྐྲུན་འདོད་ཡོད་ཅེས་གསུངས།
      ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མེད་པ་མཐའ་འཁྱོངས་དང་། ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་འཁྱོངས། གླེང་མོལ་དང་གྲོས་མོལ་ཐོག་ནས་གནད་དོན་ཐག་གཅོད་མཐའ་འཁྱོངས་བཅས་བྱེད་པ་དེ་ནི་ཀྲུང་ཧན་རྒྱལ་ཁབ་གཉིས་པོ་དང་ས་ཁུལ་དེ་རང་གི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོའི་སྲིད་གཞུང་གསར་པ་དང་མཉམ་དུ་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཛ་དྲག་གི་དུས་བབ་གང་མགྱོགས་ཞི་ལྷོད་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཕྱེད་གླིང་དུ་ཉིང་རྡུལ་མེད་པར་སྐུལ་འདེད་གཏོང་བ་བཅས་དང་འབྲེལ་སྔ་ཙམ་གླེང་མོལ་དང་གྲོས་མོལ་བརྩོན་ལེན་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
      ལི་ཧའེ་ཙན་གྱིས་ཙུང་ཐུང་ཝུན་ཙའེ་ཡན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲིངས་པའི་ཕྱག་བྲིས་ཕྱག་སྟར་མ་བརྒྱུད་སྤྲོད་གནང་ཞིང་། ལི་ཧའེ་ཙན་གྱིས་ཧན་ཀྲུང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་25སོང་ཚུན་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལའང་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ཧན་ཀྲུང་གི་འབྲེལ་བར་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་མ་ཟད། མདུན་ལམ་ཡང་ཆེན་པོ་ལྡན་ཡོད། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ཀྱི་དོ་ཁུར་གལ་ཆེན་ལ་ཧན་གོ་ཕྱོགས་ཀྱིས་བསམ་ཤེས་གང་ལེགས་བྱེད་ཀྱི་ཡོད། རྗེས་མར་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་མཐུད་མཐུན་སྦྱོར་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བའི་གནད་དོན་ཐག་གཅོད་འོས་འཚམ་ལ་ཞིབ་དཔྱད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།