འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི“ཀྲུང་གོའི་ཡུལ་སྐོར་ཉིན་མོར”རྒྱལ་ཡོངས་སུ་ཡུལ་སྐོར་དམངས་ཕན་
    བྱེད་ཐབས་5000ལྷག་ཙམ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་21ཉིན། 12:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་19ཉིན། རྒྱལ་ཁབ་ཡུལ་སྐོར་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ཟླ་5ཚེས་19ཉིན་གྱི“ཀྲུང་གོའི་ཡུལ་སྐོར་ཉིན་མོའི”རིང་། རྒྱལ་ཡོངས་ཀྱི་ས་གནས་ཁག་གིས“ཡུལ་སྐོར་གྱིས་འཚོ་བ་སྔར་བས་སྐྱིད་སྣང་ལྡན་པར་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཡུལ་སྐོར་གྱི་སྤྱི་ཕན་དམངས་ཕན་བྱེད་སྒོ་སྟོང་ལྷག་ཙམ་སྤེལ་ནས། རིགས་ཆེན་པོ་དྲུག་གི་སྤྱི་ཕན་དམངས་ཕན་གྱི་བྱེད་ཐབས་ཁག་5014བཏོན་པ་དེས་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས་དམངས་ཡོངས་ཀྱིས་དངོས་སུ་སྤྱོད་ཐུབ་པ་བྱུང་ཡོད།
           རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། ལོ་ལྟར“ཡུལ་སྐོར་ཉིན་མོར”ས་གནས་ཁག་གིས་ཡུལ་སྐོར་གྱི་དམངས་ཕན་བྱེད་ཐབས་ཁག་གཅིག་མཉམ་དུ་འདོན་བཞིན་ཡོད། འདི་ལོའི“ཡུལ་སྐོར་ཉིན་མོའི”རིང་། ས་གནས་ཁག་གིས་སྣ་མང་ཕུན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་སྤྱི་ཕན་དམངས་ཕན་གྱི་བྱེད་སྒོ་མུ་མཐུད་སྤེལ་བ་དང་དམངས་ཕན་བྱེད་ཐབས་སྣ་ཚོགས་བཏོན་ཏེ། མི་མང་པོར་ཡུལ་སྐོར་དུ་འགྲོ་རྒྱུར་ལྕག་སྐུལ་དང་བློ་ཡིད་བཀུག་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་ཡུལ་སྐོར་འདུན་པ་བསྐངས་ཡོད།
          བསྡོམས་རྩིས་ལ་གཞིགས་ན། “ཡུལ་སྐོར་ཉིན་མོར”རྒྱལ་ཡོངས་ཀྱི་ས་གནས་ཁག་གིས་ཡུལ་སྐོར་དམངས་ཕན་བྱེད་ཐབས་ཁག་5014བཏོན་པ་དག་ཞིང་ཆེན་དང་། གྲོང་ཁྱེར། ཆུས་དང་དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་31ལ་ཁྱབ་ཡོད། ཟླ་5པ་ནས་དམངས་ཕན་བྱེད་ཐབས་རིམ་བཞིན་ལག་ལེན་བསྟར་ཏེ་ཟླ་5ཚེས་19ཉིན་བྱེད་སྒོའི་མཐོ་རླབས་ཆེ་ཤོས་སུ་སླེབས་ཤིང་། “ཡུལ་སྐོར་ཉིན་མོའི”བྱེད་སྒོའི་ཉིན་དེར་རྒྱལ་ཡོངས་ཀྱི་དངོས་མང་རྟེན་རྫས་བཤམས་མཛོད་ཁང་དང་། དྲན་གསོ་ཁང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་སྟོན་རྟེན་གཞི། ལུས་རྩལ་ཐང་དང་ཁང་སོགས་ཕལ་ཆེ་བར་རིན་མེད་དམ་ཡང་ན་རིན་གོང་བཅག་ནས་སྒོ་ཕྱེ་བ་དང་། མཛེས་ལྗོངས་ས་ཚིགས་དང་ཁུལ་སྟོང་ལྷག་ཙམ་ལ“ཡུལ་སྐོར་ཉིན་མོར”རིན་མེད་དམ་ཡང་ན་རིན་གོང་བཅག་ནས་འགྲོ་ཆོག་པའི་དམངས་ཕན་སྲིད་ཇུས་བཏོན་ཡོད།
          རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། དམངས་བྱིངས་ཡུལ་སྐོར་བྱེད་པའི་དུས་རབས་སུ་ཁེ་ལས་སྔར་ལས་མང་བས་ཡུལ་སྐོར་གྱིས་དམངས་ལ་ཕན་པ་འདོགས་པ་དང་སྟབས་བདེ་སྐྲུན་པའི་ནང་ཞུགས་པར་ལྕག་སྐུལ་གྱིས། སྤྱི་ཚོགས་ལ་ཞབས་འདེགས་དང་དྲིན་ལན་འཇལ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་ཁྲོད་ཡུལ་སྐོར་ལས་རིགས་ཀྱི་ཧུར་སྐྱེད་ནུས་པ་གང་ལེགས་བཏོན་ནས། “ཡུལ་སྐོར་ཉིན་མོ”དེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་གྲུབ་འབྲས“མངོན་པའི་ཉིན་མོ”དང་། དམངས་ཡོངས་ཀྱིས་ཡུལ་སྐོར་ལས་བྱུང་བའི་སྤྲོ་སྣང་ལོངས་སུ་སྤྱོད་པའི“དམངས་ཕན་ཉིན་མོ” ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི“གོམ་སྟབས་གསུམ”གྱི་འཐབ་ཇུས“དྲིལ་བསྒྲགས་ཀྱི་ཉིན་མོ”བཅས་སུ་འགྱུར་བར་སྐུལ་མ་བཏང་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།