འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་4ཚེས་30ཉིན་རྒྱལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་5770ལ་སྣེ་ལེན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་03ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་30ཉིན་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་གནམ་གཤིས་ཡག་པོ་བསྟན་པས། ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་ནས“ལྔ་གཅིག”གུང་གསེང་གི་ཡུལ་སྐོར་ཁྲོམ་ར་དེ་བས་འཁྲུག་ཆ་དོད་པོ་ཡོད། རྒྱལ་ཁབ་ཡུལ་སྐོར་ཅུས་གྲངས་གཞིའི་ལྟེ་གནས་ཀྱིས་ཕྱོགས་བསྡུས་ཚོད་རྩིས་བྱས་པར་གཞིགས་ན། དེ་ཉིན་རྒྱལ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་5770ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་330ཟིན་ཡོད་པ་རེད།
         ས་གནས་ཁག་ཏུ་གྲོང་ཁྱེར་ནས་ཕྱོགས་ལ་འགྲོ་མཁན་རླངས་འཁོར་ཆུ་རྒྱུན་བཞིན་རྒྱུན་ཆད་རྒྱུ་མེད་པ་དང་། མྱུར་བགྲོད་གཞུང་ལམ་བཤངས་པ་བརྒྱུད་ལམ་འགག་པའི་གནད་དོན་ཞི་ལྷོད་དུ་སོང་ཡོད། ཉིན་དེར་ལྕགས་ལམ་རྒྱུད་དེ་ཕར་འགྲོ་ཚུར་འོང་བྱེད་མཁན་རང་རྒྱལ་གྱི་འགྲུལ་པ་མི་ཐེངས་ཁྲི་སྟོང་ཕྲག་ལྷག་ཙམ་ཟིན་པ་དང་ས་ཁུལ་ཁག་གཅིག་ཏུ་ཆར་པ་བབས་པའི་རྐྱེན་གྱིས་འགྲུལ་བཞུད་བྱེད་ཚད་ཉུང་དུ་སོང་ཡོད།
         ས་གནས་ཁག་གི་ཐག་ཉེ་སར་ཡུལ་སྐོར་དང་གྲོང་འདབས་ཡུལ་སྐོར་གྱི་ཁྲོམ་ར་འཁྲུག་ཆ་ཧ་ཅང་དོད་ཅིང་། གྲོགས་པོ་དང་དགའ་ཉེན་སྤུན་མཆེད་ཐུག་འཕྲད་ཀྱི་གྲོང་ཁྱེར་བསྐོར་བའི་བརྗོད་དོན་གཙོ་བོ་དང་གྲོང་ཁྱེར་ནང་ཁུལ་གྱི་སྤྱི་གླིང་དང་མཛེས་ལྗོངས་ཁུལ་དུ་སྐྱོད་མཁན་མང་པོ་ཡོད། རི་འཛེག་པ་དང་གྲོང་གསེབ་ཀྱི་འཚོ་བ་མྱོང་རོལ་གཙོ་བོར་བྱེད་པའི་གྲོང་ཁྱེར་གྱི་མཐའ་སྐོར་དུ་ཡུལ་སྐོར་བྱེད་མཁན་མང་དུ་འགྲོ་གི་ཡོད། ཡུལ་སྐོར་སོས་དལ་བག་ཕེབས་རྣམ་པ་དེ་བས་ཁྱད་ཆོས་ལྡན་པ་དཔེར་ན། གཡོར་གྲུ་གཏོང་བ་དང་། སྤྲོ་གསེང་གྲུ་གཟིངས་ལ་སྡོད་པ། ཆུ་འཛུལ་རོལ་བ། རྐང་འཁོར་བཞོན་པ། རྐང་ཐང་མར་སྐྱོད་པ་སོགས་ལ་གཞོན་ནུ་ཚོའི་དགའ་བསུ་ཐོབ་ཡོད། རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་ཐད་ཨེ་ཤེ་ཡའི་ཤར་ལྷོའི་ལམ་ཐིག་ལ་དད་མོས་བྱེད་མཁན་མང་དུ་སོང་བ་དང་ཐུ་ནི་སི་དང་མོ་རོ་ཁོ་སོགས་གསར་དར་ཡུལ་སྐོར་ཁུལ་དུ་སྐྱོད་མཁན་ཇེ་མང་དུ་འགྲོ་བཞིན་མཆིས།
         རྒྱལ་ཡོངས་ས་གནས་ཁག་གིས་བྱེད་ཐབས་གསར་པ་མང་པོ་བཏོན་ནས་གུང་གསེང་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་གུང་གསེང་ཡུལ་སྐོར་གྱི་ཁྲོམ་རའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།