འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཇ་ཁང་ནང་གི་དགོད་སྒྲ།

    —— བོད་ཀྱི་ཐག་རིང་ལུང་ཁུག་གྲོང་ཚོ་དབུལ་པོ་ཞིག་གི་སྤྲོ་སྣང་།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་02ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཇ་ཁང་ནང་གི་དགོད་སྒྲ།
         མི་དམངས་དྲ་བའི་འཕྲིན། མིག་ཡུད་ཙམ་ཞིག་ལ་ཡར་འབྲོག་སོ་མཁས་ཇ་ཁང་ལས་གཉེར་བྱས་ནས་ལོ་གསུམ་སོང་། ཇ་ཁང་དེའི་སྦྱིན་བདག་ཆོས་སྒྲོན་སེམས་པ་ཧ་ཅང་དགའ་པོ་བྱུང་སྟེ། དེ་སྔ་དངུལ་བུན་གཡར་ནས་ཇ་ཁང་བཙུགས་སྐབས་དང་བསྡུར་ན་གཏན་ནས་འདྲ་གི་མེད།
         “ལོ་གསུམ་གོང་དངུལ་བུན་སྒོར་ཁྲི་2གཡར་ནས་ཇ་ཁང་འཛུགས་སྐབས་གྲོང་ཚོའི་ནང་ཇ་ཁང་ཁ་ཤས་ཡོད་པས་ཚོང་ཡག་པོ་ཡོང་མིན་ཐད་སེམས་ཁྲལ་ཆེན་པོ་ཡོད་པས་ནང་མི་ཚོས་མོས་མཐུན་དེ་ཙམ་བྱེད་ཀྱི་མེད”ཅེས་སྐད་ཆ་ཤོད་ཀྱིན་ཆོས་སྒྲོན་གྱིས་མགྲོན་པོ་ཚོར་ཇ་བླུགས་པ་དང་དེ་རྗེས་གསར་འགོད་པར་རྩིས་ཤིག་བརྒྱབ་པ་སྟེ།
         དངུལ་བུན་གཡར་སྐབས་དབུལ་སྐྱོར་སྐྱེད་གསབ་དངུལ་བུན་སྐྱེད་ཚད་ལོངས་སྤྱོད་བྱས་པས་ལོའི་སྐྱེད་ཚད་1.08%ལས་ཟིན་གྱི་མེད་པ་དེ་ལོ་གཅིག་ལ་ཕབ་ན་སྐྱེད་ཀ་སྒོར་160ལས་སྤྲོད་དགོས་ཀྱི་མེད། ལོ་དེ་རང་དུ་ཇ་ཁང་ལ་ཁེ་འབབ་བྱུང་བ་དང་ད་ཆ་ལོ་ལྟར་ཡོང་འབབ་སྒོར་ཁྲི་གསུམ་བཞི་ཙམ་ཡོང་གི་འདུག་ཅེས་གསར་འགོད་པར་བཤད།
         “ལོ་འདི་དག་ནང་སྲིད་གཞུང་གིས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་གྲོང་མི་མང་ཆེ་བར་ཡོང་འབབ་ཆེན་པོ་ཐོབ་ཡོད། ངའི་ཇ་ཁང་ཆུང་ཆུང་དེར་ཡོང་འབབ་དེ་ལྟ་བུ་བྱུང་བ་ནི་དབུལ་སྐྱོར་སྲིད་ཇུས་ལས་བྱུང”ཞེས་ཆོས་སྒྲོན་གྱིས་དགའ་ཚོར་ཆེན་པོས་བཤད།
         ཆོས་སྒྲོན་སྡོད་ཡུལ་གྲོང་ཚོ་ནི་ལྷུན་པོ་ཞོལ་ཤང་སོ་མཁས་གྲོང་ཚོ་ཡིན་པ་དང་རླངས་འཁོར་བསྡད་ནས་ལྷ་སར་བསྐྱོད་ན་ཆུ་ཚོད་6ཙམ་འགོར་གྱི་ཡོད། འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གི་མི་འབོར་མང་ཤོས་དང་། རྒྱ་ཁྱོན་ཆེ་ཤོས། དབུལ་ཚབས་ཆེ་ཤོས་བཅས་ཀྱི་གྲོང་ཚོ་ཞིག་ཡིན་པ་དེའི་ས་བབ་སྨི་4600ཟིན་པ་དང་འབྲོག་ལས་ནི་གྲོང་མིའི་ཡོང་འབབ་ཡོང་ཁུངས་གཙོ་བོ་དེ་རེད།
         གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ངག་དབང་རང་གྲོལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཚོ་དེ་ཡོངས་ལ་དུད་ཚང་431དང་མི་1628ཡོད་པའི་ནང་དུད་ཚང་དབུལ་པོ་112དང་མི་334ཟིན་པ་དང་དབུལ་པོའི་བསྡུར་ཚད་20%ལྷག་ཙམ་ཟིན་ཡོད་པ་རེད།
         ལོ་57ལ་སླེབས་པའི་ངག་དབང་རང་གྲོལ་གྱིས་1999ལོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་ཞིང་། “ཏང་གི་སྲིད་ཇུས་ལོ་རེ་བཞིན་ལེགས་སུ་ཕྱིན་པ་དང་སྤྱིར་ན་ལོ་ལྟར་གཟིགས་སྐྱོང་སྲིད་ཇུས་བཏོན་གྱི་ཡོད”ད་ཆ་ཕྲུ་གུ་སློབ་གྲྭར་སྐྱོད་པར“འགན་ལེན་གསུམ”ཡོད་པ་དང་ལོ་60ཡན་གྱི་གྲོང་མིར་རྒན་གསོ་འགན་བཅོལ་དངུལ་ལེན་རྒྱུ་ཡོད་པས་མང་ཚོགས་མི་ཉུང་བ་ཞིག་གིས་ཁང་པ་གསར་པ་བརྒྱབ་ཡོད་ཅེས་བཤད་པ་རེད།
         “ལོ་ཤས་གོང་མང་ཚོགས་ཟས་གོས་ཐད་སེམས་ཁྲལ་བྱེད་དགོས་མེད། འོན་ཀྱང་རྒྱལ་ཁབ་ཀྱི་ཁ་གསབ་ཕུད་མི་མང་པོ་ཞིག་ལ་ཡོང་འབབ་བརྟན་པོ་མེད་པས་བསྐྱར་དུ་དབུལ་པོར་འགྱུར་སླ་པོ་ཡོད། ན་ནིང་ནས་བཟུང་འགྱུར་ལྡོག་ཆེན་པོ་ཕྱིན་སོང”ཞེས་ངག་དབང་རང་གྲོལ་གྱིས་ཇ་མངར་མོ་འཐུང་གིན་དགའ་ཚོར་ཆེན་པོས་དེ་ལྟར་བཤད།
         ངག་དབང་རང་གྲོལ་དགའ་འོས་པ་ཞིག་ནི་2016ལོར་སྲིད་གཞུང་གིས་འབྲེལ་ཟམ་བཙུགས་པ་བརྒྱུད་འབྱོར་ཕྱུག་ཆེ་བའི་ལྷོ་ཁ་ཡར་འབྲོག་བཟོ་སྐྲུན་ལས་གྲྭ་ཚད་ཡོད་ཀུང་སིས་ལྷུན་པོ་ཞོལ་ཤང་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་སོ་མཁས་གྲོང་ཚོ་ནི་གཙོ་གནད་རོགས་སྐྱོར་བྱ་ཡུལ་ཡིན་པ་རེད།
         ལོ་གཅིག་ཀྱང་མ་སོང་བར་ཡར་འབྲོག་ཀུང་སིའི་རོགས་སྐྱོར་འོག་གྲོང་ཚོར་སྣམ་བུ་འཐག་ཁང་བཙུགས་པ་དང་བུད་མེད་ཚོས་ཞིང་དལ་སྐབས་སུ་བཟོ་གྲྭའི་ནང་གཅིག་སྡུད་ཐོག་སྣམ་བུ་འཐག་པ་དང་ཞིང་བྲེལ་སྐབས་ཁྱིམ་དུ་འཐག་གི་ཡོད། གཞན་ཡང་མང་ཚོགས་དབུལ་པོ་ཁག་གཅིག་ཡར་འབྲོག་གཡུ་མཚོ་ཀུང་སིའི་ལས་ཡུལ་བཟོ་པར་གྱུར་ཡོད།
         གྲོང་ཚོའི་ནང་གི་བསྡོམས་རྩིས་རེའུ་མིག་ལས་མངོན་པར། ན་ནིང་ཟླ་10པ་ནས་འདི་ལོའི་ཟླ་དང་པོའི་བར་སོ་མཁས་གྲོང་ཚོའི་སྣམ་འཐག་ནང་ཞུགས་མཁན་63ཟིན་པ་དང་འབབ་འཕར་སྒོར་ཁྲི་11ལྷག་ཙམ་ཟིན་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་1700ལས་བརྒལ་ཡོད་པ་རེད། ཡར་འབྲོག་གཡུ་མཚོ་ཀུང་སིར་གླ་པ་རྒྱུག་མཁན་165ཡོད་པ་དང་གླ་ཕོགས་སྒོར་ཁྲི་396ཙམ་ཟིན་པའི་ནང་མང་ཚོགས་དབུལ་པོ་18ལ་གླ་ཕོགས་སྒོར་ཁྲི་41ལེན་རྒྱུ་བྱུང་ཡོད་པ་རེད།
         ཧྲུའུ་ཅིས་དབུལ་སྐྱོར་སྐོར་གླེང་བ་ཐོས་སྐབས་གྲོང་མི་ཆོས་ཉིད་བསྟན་སྒྲོན་གྱིས“དེ་སྔ་ལས་ཀ་མེད་པར་ཁྱིམ་དུ་སྡོད་ཀྱི་ཡོད། སྣམ་བུ་འཐག་ཁང་བཙུགས་རྗེས་ཟླ་བ་3མ་སོང་བར་ཁྱིམ་སྒོ་ཐོན་མི་དགོས་པར་ཡོང་འབབ་སྒོར་3000བྱུང་། བྱ་བ་བཟང་པོ་དེ་ལྟ་བུ་ཡོད་པས་དགའ་པོ་མ་བྱེད་མཁན་སུ་ཡོད”ཅེས་བཤད།
         ལོ་58ལ་སླེབས་པའི་སངས་རྒྱས་རྡོ་རྗེ་ནི་སོ་མཁས་གྲོང་ཚོའི་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་ཡིན་པ་དང་ཁྱིམ་ལ་མི་བཞི་ཡོད། སངས་རྒྱས་རྡོ་རྗེ་ལོ་བཅུ་ལྷག་ཙམ་གོང་མིག་ལོང་བ་དང་ཚ་མོ་གཉིས་སློབ་ཆུང་དང་དམའ་རིམ་སློབ་འབྲིང་འགྲིམ་གྱི་ཡོད།
         ཁོང་གིས་ན་ནིང་རང་ཉིད་ཀྱི་དབང་པོ་སྐྱོན་ཅན་ཁ་གསབ་སྒོར་900དང་། བུ་མོ་ནགས་སྐྱོང་བ་བྱས་པའི་ཡོང་འབབ་སྒོར་3000 ཁྱིམ་གྱི་རྩྭ་རའི་ཁ་གསབ་མ་དངུལ་སྒོར་2500 མ་མཐའི་འཚོ་བའི་འགན་ལེན་དངུལ་སྒོར་6900 ལུག་གཉིས་བཙོང་པར་ཡོང་འབབ་སྒོར་1600 བུ་མོས་སྣམ་བུ་འཐག་པར་ཡོང་འབབ་སྒོར་2000བཅས་ཁྱིམ་ཚང་གི་ལོ་གཅིག་ཡོང་འབབ་སྒོར་ཆིག་ཁྲི་དྲུག་སྟོང་ལྷག་ཙམ་བྱུང་ཞེས་གསར་འགོད་པར་བཤད།
         ཆོས་སྒྲོན་གྱིས་སངས་རྒྱས་རྡོ་རྗེར་ཇ་མངར་མོ་བླུགས་ཀྱིན“ཨ་ཇོ། ང་ཚོའི་འཚོ་བ་ཡག་པོ་བསྐྱལ་བ་ལས་སྐྱེལ་རྒྱུ་མང་བ་བསྡད་ཡོད། དེ་རིང་ཁྱེད་རང་ཇ་ལྷོད་ལྷོད་བྱས་ནས་འཐུང་དང་། ཇ་རིན་མི་དགོས”ཞེས་བཤད་མ་ཐག་ཇ་ཁང་ནང་སྣང་བ་སྐྱིད་པའི་དགོད་སྒྲ་གྲགས།
    ༄༅།།ཇ་ཁང་ནང་གི་དགོད་སྒྲ།
      

    ཕྱོགས་བསྡུས་གསར་འགྱུར།