འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།《བོད་རང་སྐྱོང་ལྗོངས་ཀྱི་ཆུ་སྤྱོད་ཀྱི་བཅད་གྲངས་》དངོས་སུ་བཏོན་ནས་ལག་ལེན་བསྟར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་སུ་འཆར་གཞི་ལྡན་པའི་ངང་ཆུ་བེད་སྤྱོད་དང་གྲོན་ཆུང་ངང་ཆུ་སྤྱོད་པའི་དོ་དམ་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་བཅའ་ཁྲིམས་》སོགས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་པ་དང་། ས་ཁུལ་འདི་གའི་ཆུའི་ཐོན་ཁུངས་ཆ་རྐྱེན་དང་ལས་རིགས་ཀྱིས་ཆུ་བེད་སྤྱོད་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས། རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་སྒྲིག་བཟོ་བྱས་པའི་《རང་སྐྱོང་ལྗོངས་ཀྱི་ཆུ་བེད་སྤྱོད་ཀྱི་བཅད་གྲངས་》(གཤམ་ཏུ་《བཅད་གྲངས་》ཞེས་པར་བསྡུ་རྒྱུ)ཞེས་པ་ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་དངོས་སུ་པར་འགྲེམས་བྱས་ནས་ལག་ལེན་དུ་བསྟར་རྒྱུ་བ་རེད།
           《བཅད་གྲངས་》བཏོན་ནས་ལག་ལེན་བསྟར་བ་དེས་བོད་རང་སྐྱོང་ལྗོངས་ཀྱི་ཆུ་དང་འབྲེལ་བའི་འཆར་འགོད་དང་རྣམ་གྲངས་ཀྱི་དུས་འགོའི་ཞིབ་འཇུག་དང་། འཆར་འགོད། རྣམ་གྲངས་འཛུགས་སྐྲུན་གྱི་ཆུའི་ཐོན་ཁུངས་རིགས་པས་ཁུངས་སྐྱེལ་དང་ཆུ་ལེན་ཆོག་འཐུས་ཞིབ་མཆན། འཆར་གཞི་ལྡན་པའི་ངང་ཆུ་བེད་སྤྱོད་ལ་དོ་དམ། ཆུ་གྲོན་ཆུང་གི་ལྟ་སྐུལ་ཞིབ་དཔྱད་བཅས་ལ་གཞི་འཛིན་ས་གལ་ཆེན་བྱུང་བ་མ་ཟད། ཆེས་ནན་པའི་ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་དོན་འཁྱོལ་གྱིས་ཆུའི་ཐོན་ཁུངས་ཟད་གྲོན་བསྡོམས་འབོར་དང་མང་ཉུང་ཚོད་འཛིན་བྱས་ཏེ་བོད་ཀྱི་ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་། གྲོན་ཆུང་སྲུང་སྐྱོང་། ཆུ་གྲོན་ཆུང་གི་སྤྱི་ཚོགས་སྐྲུན་པའི་བྱ་བར་མུ་མཐུད་ཤུགས་སྣོན་བརྒྱབ་ནས། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འགྱུར་བར་སྐུལ་འདེད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། 《བཅད་གྲངས་》ཀྱིས་ལྗོངས་ཡོངས་ཀྱི་ཞིང་ལས་དང་། བཟོ་ལས། གྲོང་མི་དང་གྲོང་ཁྱེར་གྱི་སྤྱི་པའི་འཚོ་བ་བཅས་དང་འབྲེལ་བའི་ཆུ་སྤྱོད་ཁུལ་ཆེན་པོ་གསུམ་གྱི་རྣམ་གྲངས་112ལ་བཅད་གྲངས་བཟོས་པས་སྤྱིར་བོད་ལྗོངས་ཀྱི་ཆུ་སྤྱོད་ཁུལ་གཙོ་བོ་ཚང་མར་ཁྱབ་ཡོད། དེའང་ཞིང་ལས་ཀྱི་ཆུའི་བཅད་གྲངས་ཁག་10ཡོད་པ་སྟེ། ལོ་ཏོག་ལ་འདྲེན་པའི་ཆུའི་བཅད་གྲངས་ཁག་6དང་འབྲོག་ལས་ལ་སྤྱོད་པའི་ཆུའི་བཅད་གྲངས་ཁག་4ཡོད་པ་དང་། ལོ་ཏོག་ལ་འདྲེན་པའི་ཆུའི་བཅད་གྲངས་ནང་ནས་དང་། གྲོ། པད་ཁ། སྲན་མ་སོགས་ལོ་ཏོག་གཙོ་བོར་ཆུ་འདྲེན་རྒྱུའི་བཅད་གྲངས་བཟོས་པ་ཕུད། ད་དུང་ལོ་ཏོག་སྐྱེ་ཡུན་མི་འདྲ་བར་མཁོ་བའི་ཆུ་གཏོང་ཚད་དང་ས་གཤིས་ཀྱི་བརླན་གཤེར་སྲབ་མཐུག་ལ་གཞིགས་ནས་ཆུ་འདྲེན་པའི་བཅད་གྲངས་ཀྱང་བཟོས་ཡོད།
          བོད་རང་སྐྱོང་ལྗོངས་ཆུ་བེད་སྡེ་ཚན་གྱི་འགན་འཁུར་བས། རྗེས་སུ་གྲོང་ཁྱེར་དང་ས་ཁུལ་དང་ལས་རིགས་ཀྱི་གཙོ་འགན་སྡེ་ཚན་གྱིས་《བཅད་གྲངས་》ལག་བསྟར་དོན་འཁྱོལ་དང་ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ། བཅད་གྲངས་(འཆར་གཞི)ལས་བརྒལ་བར་རིན་པ་འཕར་མ་བསྡུ་བའི་ལམ་ལུགས་ལག་ལེན་ནན་པོ་བསྟར་རྒྱུ་ཡིན་པ་དང་། ཞིང་ལས་དང་། བཟོ་ལས། གྲོང་ཁྱེར་དང་གྲོང་རྡལ་བཅས་སུ་ཆུ་གྲོན་ཆུང་བྱ་རྒྱུར་སྐུལ་མ་ཤུགས་ཆེན་བཏང་ནས་བཟོ་ལས་ཀྱི་ཆུ་བསྐྱར་དུ་སྤྱོད་རྒྱུ་ཁྱབ་གདལ་གཏོང་རྒྱུ་མ་ཟད། སློབ་གྲྭ་དང་། སྨན་ཁང་། གསོལ་མགྲོན་ཁང་སོགས་ལས་རིགས་གཙོ་བོར་ཆུ་གྲོན་ཆུང་གི་ལག་རྩལ་སྒྱུར་བཅོས་བྱས་ནས་ནུས་ཆེའི་ངང་ཆུ་བེད་སྤྱོད་རིམ་པས་མང་དུ་གཏོང་རྒྱུ་དང་སྦྲགས། གྲོང་མི་མ་ཡིན་པའི་ཆུ་སྤྱོད་མཁན་ལ་ཆུ་དོ་མཉམ་ངང་སྤྱོད་པའི་ཚོད་ལྟའི་ལས་ཀ་དུས་བཀག་བཞིན་སྤེལ་ནས་《བཅད་གྲངས་》ལ་བཟོ་བཅོས་རྒྱག་རྒྱུར་རྨང་གཞིའི་རྒྱུ་ཆ་འཚོལ་རྒྱུ་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།