འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་མ་ལག་རིམ་པ་སྤར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་ནས་ཤེས་རྟོགས་བྱུང་གསལ། རྒྱལ་ཁབ་རིམ་པའི་བོད་བྱང་ཐང་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་མ་ལག་སླར་ཡང་རིམ་སྤོར་བྱས་ནས། ཆེད་ལས་དོ་དམ་སྲུང་སྐྱོང་ས་ཚིགས་73གྱི་ཐོག་མའི་ཚོད་ལྟའི་ལས་དོན་གྱི་95%ལེགས་གྲུབ་ཟིན་ཏེ། སྤྱི་ལེ་ངོས་གྲུ་ཁྲི་29.8ཁྱོན་ཡོངས་ལ་ཁྱབ་ནས་ཆེད་ལས་དོ་དམ་སྲུང་སྐྱོང་བ་780ཡིས་ལས་འགན་སྒྲུབ་བཞིན་ཡོད་པ་རེད།
          རྒྱལ་ཁབ་རིམ་པའི་བོད་བྱང་ཐང་གི་རང་བྱུང་སྲུང་སྐྱོང་ཁུལ་ནི་མིག་སྔར། ཀྲུང་གོའི་ས་བབ་མཐོ་ཤོས་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་པ་དང་། སྤྱིའི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་ཁྲི་29.8ཟིན་པ་དང་། དེ་ནི་ས་མཐོའི་ཐང་རྒོད་སྣོད་བཅུད་མ་ལག་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཏོགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་3.2བཏང་ནས་རྒྱལ་ཁབ་རིམ་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སྲུང་སྐྱོང་ས་ཚིགས་བསྐྲུན་རྒྱུ་དེ་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྒྲིག་གཞི་ལམ་སྲོལ་སྒྱུར་བཅོས་ཀྱི་ཐོག་མའི་ཚོད་ལྟའི་ནང་བཞག་ནས། ཆེད་ལས་དོ་དམ་སྲུང་སྐྱོང་གི་ས་ཚིགས་73འདི་ལོའི་ལོ་སྟོད་དུ་ཕྱོགས་ཡོངས་ནས་སྤྱོད་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ནགས་ལས་སྡེ་ཚན་གྱིས་ལམ་རྒྱུད་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་ཁག་ནས་ཆེད་ལས་དོ་དམ་སྲུང་སྐྱོང་བ་བདམས་ནས་རྒྱུན་གཏན་གྱི་སྐོར་སྐྱོད་འགན་ནུས་བསྒྲུབས་པ་ཕུད། ད་དུང་ཁོང་ཚོར་སྐམ་སར་འཚོ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་བསྡུ་ཉར་ནད་བཅོས་སྲོག་སྐྱོབ་དང་། རིམས་ནད་འབྱུང་ཁུངས་དང་འགོས་ནད་ལ་ལྟ་ཞིབ་སྔོན་འགོག་ཚོད་འཛིན། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་འཇོན་ཐང་ལྡན་པ་དང་། དུས་མཚུངས་དོ་དམ་སྲུང་སྐྱོང་ས་ཚིགས་ཚང་མར་དམིགས་བཙུགས་ཀྱི་འགྲིམ་འགྲུལ་འཕྲུལ་འཁོར་བཀོད་སྒྲིག་བྱས་ནས། ལྐོག་ཏུ་རྔོན་རྒྱག་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་ཐད་སྤྱོད་རྒྱུ་རེད།
          བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། སྲུང་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་བྱང་ཐང་སྲུང་སྐྱོང་ཁུལ་གྱི་མངའ་རིས་ཁུལ་ཁོ་ནར་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་གཙོད་གྲངས་འབོར་ཁྲི་6ཙམ་དང་། འབྲོང་ཁྲི་3ལྷག་ཙམ། རྐྱང་ཁྲི་4ལྷག་ཙམ་ཡོད་པ་རེད། གཞན་ཡང་《འཛམ་གླིང་གི་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ཉེའི་དངོས་རིགས་ཀྱི་མིང་གཞུང་དམར་པོ་》གསར་ཤོས་ལས་མངོན་པ་ལྟར་ན། གཙོད་འདི་ཉིད“སྟོངས་ཉེན་ཚབས་ཆེན”ནས“སྟོངས་ཉེན”དུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།