འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ན་ནིང་འཇར་མན་དུ་མ་འཇོག་བྱེད་མཁན་རྒྱལ་ཁབ་གཙོ་བོར་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་17ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཕྱི་ཕྱོགས་ཉོ་ཚོང་དང་མ་འཇོག་ཧྲུའུ་ཡིས་གོང་ཚེས་ཉིན་ཁྱབ་བསྒྲགས་བྱས་པའི་ཚོང་འགུགས་མ་འདྲེན་གྱི་གྲུབ་འབྲས་སྙན་ཞུ་ལས་མངོན་པར། 2016ལོར་སྒྲིག་གཞི་དེས་སྐུལ་སྤེལ་བྱས་ནས་བྱུང་བའི་ཕྱི་རྒྱལ་གྱིས་འཇར་མན་དུ་མ་འཇོག་བྱེད་པའི་རྣམ་གྲངས་གྲངས་འབོར་གྱི་ཟིན་ཐོ་གསར་པ་བཏོད་པ་དེའི་ཁྲོད་ནས་ཀྲུང་གོའི་མ་འཇོག་རྣམ་གྲངས་ཀྱི་གྲངས་འབོར་ཆེ་ཤོས་ཡིན་པ་རེད།
           སྙན་ཞུའི་ནང་། 2016ལོར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཕྱི་ཕྱོགས་ཉོ་ཚོང་དང་མ་འཇོག་ཧྲུའུ་ཡིས་སྐུལ་སྤེལ་བཏང་བ་ལས་བྱུང་བའི་ཕྱི་རྒྱལ་གྱིས་འཇར་མན་དུ་མ་འཇོག་བྱས་པའི་རྣམ་གྲངས་ཁག་201ཟིན་པ་དང་ལས་ཞུགས་ལས་གནས་ཁག་3673གཏོད་ཅིང་། དམིགས་ཚད་དེ་གཉིས་2015ལོ་དང་བསྡུར་ན་34%དང་40%ཁག་སོ་སོར་འཕར་བ་དེའི་ཁྲོད་ནས་ཀྲུང་གོས་འཇར་མན་དུ་མ་འཇོག་བྱས་པའི་རྣམ་གྲངས་ཁག་26ཟིན་ནས་ཨང་དང་པོར་སླེབས་ཏེ་ལས་ཞུགས་ལས་གནས་ཁག་331གཏོད་ཐུབ་བཟོ་ཡོད་ཅེས་འཁོད་ཡོད་པ་རེད།
          ད་དུང་སྙན་ཞུའི་ནང་། གྲངས་གཞི་ཅན་དང་། ནུས་རྒྱུ། ཁོར་ཡུག་སྲུང་སྐྱོང་བཅས་ནི་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་འཇར་མན་དུ་མ་འཇོག་བྱེད་མོས་ཤོས་ཀྱི་ཁྱབ་ཁོངས་ཡིན་པ་དེས་མ་འཇོག་རྣམ་གྲངས་53%བཀུག་པ་དང་ལས་ཞུགས་ལས་གནས་46%བཏོད་ཡོད། ཀྲུང་གོས་འཇར་མན་དུ་མ་འཇོག་བྱ་རྒྱུ་གཙོ་བོ་འཕྲུལ་ཆས་བཟོ་སྐྲུན་ལས་རིགས་དང་རླངས་འཁོར་ལས་རིགས་སུ་གཅིག་སྡུད་བྱས་ཡོད་པ་དང་དེ་ནས་བསྐྱར་སྐྱེས་ནུས་རྒྱུ་དང་ཁོར་ཡུག་སྲུང་སྐྱོང་ལག་རྩལ་ཡིན་པ་འཁོད་ཡོད།
          འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཕྱི་ཕྱོགས་ཉོ་ཚོང་དང་མ་འཇོག་ཧྲུའུ་ཡི་མ་འཇོག་བློ་འདྲི་པུའི་དོ་དམ་པ་གཙོ་བོ་ཨ་ཞིས་མུའུ·ཧ་ཏི་ཞིས་གསར་འགོད་པར། བསྡོམས་རྩིས་གྲངས་ཀ་ལས་མངོན་པར། ཀྲུང་གོའི་མ་འཇོག་མཁན་དེ་བས་མང་བས་འཇར་མན་ལ་ཡིད་ཆེས་བྱེད་ཀྱི་ཡོད། བརྟག་དཔྱད་བྱས་འབྲས་ལས་ཀྲུང་གོའི་མ་འཇོག་མཁན་དང་མཉམ་ལས་བྱེད་མཁན་འཇར་མན་ཁེ་ལས་མང་ཆེ་བས་ཕྱོགས་གཉིས་པོའི་མཉམ་ལས་ལ་གདེང་འཇོག་ཡག་པོ་བྱེད་ཀྱི་ཡོད་པ་མངོན་པ་མ་ཟད། ཕུགས་ནས་བལྟས་ན། ཀྲུང་གོས་འཇར་མན་དུ་མ་འཇོག་བྱེད་པར་འཕེལ་རྒྱས་ཀྱི་དུས་བབ་ཧ་ཅང་ཡག་པོ་ཡོད་ལ། འཇར་མན་གྱིས་ཀྲུང་གོའི་མ་འཇོག་མཁན་གྱི་ཡིད་དབང་མུ་མཐུད་འགུག་རྒྱུ་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།