འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི“རྩྭ་རའི་སྣོད་བཅུད་ཁ་གསབ་བྱ་དགས”རྩྭ་ར་སྔོན་པོར་ གྱུར་པ་དང་དངུལ་
    ཡང་འབེལ་དུ་སོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་3ཉིན། བོད་ཀྱིས་རྩྭ་རའི་སྣོད་བཅུད་སྲུང་སྐྱོབ་ཁ་གསབ་བྱ་དགའི་ལམ་སྲོལ་སྲིད་ཇུས་ལག་ལེན་བསྟར་བའི་ལས་དོན་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་གསར་འགོད་པས་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཀྲུང་དབྱང་ནོར་སྲིད་ནས་ལོ་ལྟར་བོད་ལ་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་གསབ་སྣོན་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་20.0981དང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ལ་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་ལས་རྗེས་གདེང་འཇོག་བྱ་དགའི་མ་དངུལ་སྒོར་དུང་ཕྱུར་8.32སྤྲད་ཅིང་། བོད་ཀྱིས་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་གསབ་སྣོན་བྱ་དགའི་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་རྒྱལ་ཁབ་ཞིང་ལས་པུའུ་དང་ནོར་སྲིད་པུའི་ཞིབ་ཕྲའི་བླང་བྱ་ལྟར་བྱེད་ཐབས་སྣ་མང་སྤྱད་པས་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་མ་གཏོང་བའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
            “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། ཀྲུང་དབྱང་ནོར་སྲིད་ཀྱིས་ལོ་ལྟར་བོད་ཀྱི་རྩྭ་རའི་སྣོད་བཅུད་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་གསབ་སྣོན་བྱ་དགའ་སྤྲད་པའི་ནང་། རྩྭ་ར་བསྡམས་པའི་ཁ་གསབ་དང་། རྩྭ་ཕྱུགས་དོ་མཉམ་ལྕག་སྐུལ། རྩྭ་རར་སོན་བཟང་འདེབས་པའི་ཁ་གསབ། འབྲོག་པའི་ཐོན་སྐྱེད་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་བཅས་ནང་དོན་བཞི་ཚུད་ཅིང་། རྒྱལ་ཁབ་ནོར་སྲིད་པུའུ་དང་ཞིང་ལས་པུས་བོད་ལ་ལོ་ལྟར་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའ་སྤྲོད་པའི་ལས་དོན་ལ་ལས་རྗེས་གདེང་འཇོག་ཀྱང་བྱེད་ཀྱི་ཡོད།
             རྩྭ་རའི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་ལེན་བསྟར་ནས་ལོ་ལྔ་སོང་རིང་། བོད་ཀྱི་རྩྭ་རའི་སྣོད་བཅུད་དང་། འབྲོག་ལས་ཐོན་སྐྱེད། འབྲོག་པའི་འཚོ་བ་བཅས་ཚང་མར་དགའ་འོས་པའི་འགྱུར་ལྡོག་བྱུང་བ་སྟེ། གཅིག་ནས་རྩྭ་ར་འགན་གཙང་གཉེར་སྐྱོང་འགན་འཁྲིའི་ལམ་ལུགས་ཀྱི་ལས་དོན་ལ་སྔར་བས་སྐུལ་སྤེལ་དང་སྲ་བརྟན་བྱུང་ཞིང་། 2011ལོར་བོད་ཀྱིས་རྩྭ་རའི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་ནས་བཟུང་། འབྲོག་པ་སྔར་ལས་མང་བར་རྩྭ་རའི་སྣོད་བཅུད་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་གསབ་སྣོན་བྱ་དགའི་མ་དངུལ་ལོངས་སྤྱོད་ཐུབ་པ་བྱ་ཆེད། གྲོང་ཁྱེར་དང་ས་ཁུལ་ཁག་གིས་ཐེམ་དུད(དུད་འབྲེལ་ཚུད་པ)ལ་འགན་གཙང་སྤྲོད་པའི་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་བས་ལྗོངས་ཡོངས་སུ་འགན་གཙང་ཐེམ་དུད་ལ་སྤྲོད་ཁྱོན་བསྡོམས་འབོར་མུའུ་དུང་ཕྱུར་10.24ཟིན་པ་དེས་བོད་ཡོངས་ཀྱི་རྩྭ་རའི་རྒྱ་ཁྱོན་བསྡོམས་འབོར་དང་བེད་སྤྱོད་དུ་རུང་བའི་རྩྭ་རའི་རྒྱ་ཁྱོན་གྱི་76.8%དང་90.7%སོ་སོར་བཟུང་བས་འབྲོག་ཁུལ་སྒྱུར་བཅོས་བྱས་པའི་གྲུབ་འབྲས་སྔར་བས་སྲ་བརྟན་ཐུབ་ཡོད། གཉིས་ནས་རྩྭ་རའི་སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་སོང་ཞིང་། ཕྱུགས་བཀག་རྩྭ་གསོ། རྩྭ་ར་དབྱར་མར་འཇོག་པ་སོགས་བརྒྱུད་རང་བྱུང་རྩྭ་ར་ཉམས་པ་སོར་ཆུད་བྱུང་ཡོད། ཕྱུགས་རིགས་བཤས་ཚད་མང་དུ་བཏང་ནས་རྩྭ་ཕྱུགས་ཀྱི་འགལ་བ་ཆུང་དུ་སོང་བ་དང་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་རིམ་བཞིན་བཙུགས་ནས་རྩྭ་རའི་སྣོད་བཅུད་ཇེ་བཟང་དུ་མགྱོགས་སུ་བཏང་ཞིང་། 2015ལོར་བོད་ཀྱི་རྩྭ་རའི་ལྟ་ཞིབ་ཚད་ལེན་བྱས་འབྲས་ལས། བོད་ཡོངས་སུ་རྩྭ་ལྗང་ཐོན་འབོར་ཏུན་ཁྲི་8139.9ཟིན་ནས་2010ལོ་ལས་4.1%མང་དུ་སོང་བ་མངོན་ཡོད། གསུམ་ནས་རྩྭ་རར་བརྟེན་ནས་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་ཕྱོགས་སྒྱུར་བྱེད་མགྱོགས་སུ་སོང་བ། རྒྱ་ཆེའི་ཞིང་འབྲོག་པས་གནམ་ལ་བརྟེན་ནས་ཕྱུགས་འཚོ་སྟངས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཕྱུགས་འཚོ་བ་དང་གཟན་རྩྭ་སྟེར་རྒྱུ་ཟུང་འབྲེལ་གྱི་གསོ་སྤེལ་བྱེད་སྟངས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཁྱིམ་ཚང་འབྲོག་ར་དང་། འབྲོག་ལས་མཉམ་ལས་ཁང་། གཞི་ཁྱོན་གསོ་ཚགས་ཁུལ་ཆུང་སོགས་རྩྭ་རར་བརྟེན་པའི་དེང་རབས་ཀྱི་འབྲོག་ལས་གཉེར་སྐྱོང་བྱེད་པོ་དང་འཕེལ་རྒྱས་གཏོང་སྟངས་སྣ་ཚོགས་རིམ་བཞིན་འཚོལ་ཞིབ་བྱས་པས་རྩྭ་རར་བརྟེན་པའི་འབྲོག་ལས་འཕེལ་རྒྱས་གཏོང་ནུས་དང་འབྲོག་ཟོག་མཁོ་སྤྲོད་བྱ་ཤུགས་ཆེ་རུ་སོང་ཡོད། 2015ལོར་བོད་ཀྱི་ཤ་དང་འོ་རིགས་ཀྱི་ཐོན་འབོར་ཏུན་ཁྲི་29.28དང་ཏུན་ཁྲི་35.44སོ་སོར་ཟིན་ནས་2010ལོ་ལས11.3%དང་17.2%སོ་སོར་འཕར་ཡོད། བཞི་ནས་ཞིང་འབྲོག་པའི་ཡོང་འབབ་མགྱོགས་མྱུར་འཕར་ཞིང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། བོད་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ལོའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་10%རྩྭ་རའི་སྣོད་བཅུད་ཁ་གསབ་བྱ་དགའི་སྲིད་ཇུས་ལས་བྱུང་བ་དང་། ལྷག་དོན་དུ་འབྲོག་ལས་རྫོང་གི་རྩྭ་རའི་སྣོད་བཅུད་ཁ་གསབ་བྱ་དགའི་མ་དངུལ་ཕལ་མོ་ཆེས་འབྲོག་པའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་60%ཡན་བཟུང་བས་ཞིང་འབྲོག་པར་འབབ་འཕར་ཡོང་བའི་ཐད་རྩྭ་རའི་སྣོད་བཅུད་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།