འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།འགོ་འཛུགས་ས་གསར་པའི་ཐོག་ནས་འབོ་གསེར་རྒྱལ་ཁབ་ཀྱི“ཀྲུང་གོའི་ལོར”རེ་སྒུག་བྱེད་པ།

    ཀྲའོ་ཁྲེང་གིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཟླ་1ཚེས་1ཉིན་ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་དངོས་སུ་ཁུར་ཞིང་། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འདི་ལོའི་ཟླ་9པར་ཧྥུའུ་ཅན་ཞ་མོན་དུ་འཚོག་རྒྱུའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་དགུ་པར་ཐུགས་རེ་བཞི་བཏོན་གནང་བ་སྟེ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་གྱིས་ཐུན་མོང་ཐོག་འགྲན་རྩོད་ལ་ཁ་གཏད་གཅོག་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱས་ནས་དམངས་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ལམ་སྲོལ་འཛུགས་སྐྱོང་ལ་སྐུལ་སྤེལ་བཏང་ནས་དེ་བས་ཁྱབ་རྒྱ་ཆེ་བའི་རོགས་ཟླའི་འབྲེལ་བ་འཛུགས་པ་བཅས་སོ། ཐུགས་རེ་བཞིའི་ཐོག་ནས་ཀྲུང་གོས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་བསམ་བཀོད་ཚད་མཐོའི་སྙིང་བསྡུས་གནང་བ་མ་ཟད། ཀྲུང་གོས་ཁོངས་མིའི་རྒྱལ་ཁབ་དང་ལག་གདང་དཔུང་སྦྲེལ་གྱིས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་སྤེལ་གཏོང་བའི་ཆོད་སེམས་ཀྱང་མཚོན་པར་གནང་ཡོད།
           2017ལོར་འབོ་གསེར་རྒྱལ་ཁབ་མཉམ་ལས་ཀྱི་ལོ་བཅུ་ཚན་གཉིས་པ་འགོ་ཚུགས་ཤིང་། ས་ལེ་སྦྲམ་ནི་མེ་ལ་བསྲེགས་འགྱུར་ཀྱང་། དེ་ཡི་རང་བཞིན་བཟང་པོར་འགྱུར་མི་སྲིད། ཅེས་པའི་དཔེ་ལྟར་འཛམ་གླིང་དཔལ་འབྱོར་འཕར་ཚད་ཆག་པའི་རྒྱབ་ལྗོངས་ཆེ་མོའི་འོག འབོ་གསེར་རྒྱལ་ཁབ་ཀྱིས་དོན་དངོས་ཀྱི་བྱ་སྤྱོད་ཐོག་ནས“འབོ་གསེར་ཉམས་རྒུད་འགྲོ་ཚུལ་གླེང་བ”སོགས་ནུབ་ཕྱོགས་པའི་ཤོད་སྟངས་ཐལ་བའི་རྡུལ་དུ་བརླགས་ཏེ། འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད། འབོ་གསེར་རྒྱལ་ཁབ་ལྔའི་དཔལ་འབྱོར་སྤྱི་འབོར་འཛམ་གླིང་དཔལ་འབྱོར་ཁྲོད་ཀྱི་བསྡུར་ཚད་12%ནས་23%བར་འཕར་བ་དང་། ཚོང་དོན་སྤྱི་འབོར་གྱི་བསྡུར་ཚད་11%ནས་16%བར་འཕར་བ། ཕྱི་ཕྱོགས་སུ་མ་རྩ་འཇོག་པའི་བསྡུར་ཚད་7%ནས་12%བར་འཕར་བ་བཅས་བྱུང་ནས་རྒྱལ་སྤྱིའི་ཐོག་གི་གནས་འབབ་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྙན་ཞུའི་ནང་། འདས་པའི་ལོ་10རིང་། འབོ་གསེར་རྒྱལ་ཁབ་ཀྱིས་འཛམ་གླིང་དཔལ་འབྱོར་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་50%ལས་བརྒལ་ཡོད་ཅེས་འཁོད་ཡོད།
           ལོ་བཅུའི་འཕེལ་རྒྱས་བརྒྱུད་འབོ་གསེར་རྒྱལ་ཁབ་ཀྱིས་དབུགས་ལམ་གཅིག་སྒྲིལ་དང་བདེ་སྡུག་མཉམ་མྱོང་བྱེད་པ་དེ་འབྲེལ་ཐག་ཟབ་པའི་ཁེ་ཕན་གཅིག་མཐུན་འདུས་གྲུབ་རེད་ལ། ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་བྱ་སྤྱོད་གཅིག་མཐུན་འདུས་གྲུབ་ཀྱང་དེ་བས་རེད། གསར་སྤེལ་དངུལ་ཁང་གསར་པ་འཛུགས་པ་དང་། འཕྲལ་སྡོམ་གྲབས་གསོག་བཀོད་སྒྲིག་བྱས་པ། ནུས་རྒྱུ་བསྲི་ཚགས་ལ་སྐུལ་སྤེལ་དང་ནུས་རྒྱུའི་ཕན་འབྲས་ཆེ་རུ་གཏོང་བའི་མཉམ་ལས་བྱེད་པ། གནམ་གཤིས་འགྱུར་ལྡོག་གི་ལངས་ཕྱོགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་བྱ་ཐབས་རབ་དང་རིམ་པའི་ཐོག་ནས་འབོ་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་བྱ་སྤྱོད་སྤེལ་ཤུགས་དང་ཕན་ནུས་ཐོན་ཚད་མཚོན་ལ། ལྷོ་ལྷོ་མཉམ་ལས་ཀྱི་ལམ་བུ་གསར་པའང་བཏོད་ཡོད། ན་ནིང་ཟླ་12ཚེས་21ཉིན་འབོ་གསེར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གསར་པའི་དངུལ་བོན་གཏོང་བའི་རྣམ་གྲངས་དང་པོ་དེ་ཀྲུང་གོའི་ཧྲང་ཧའེ་རུ་གན་རྒྱ་བཞག་པ་རེད།
           དེ་དང་དུས་མཚུངས། འབོ་གསེར་རྒྱལ་ཁབ་ཀྱིས་འདུ་ཤེས་གསར་པ་དང་བྱ་ཐབས་གསར་པའི་ཐོག་ནས་རྒྱུན་ཆད་མེད་པར་རྒྱལ་སྤྱིའི་འཕེལ་རྒྱས་དང་མཉམ་ལས་ལ་བར་ཁྱམས་གསར་པ་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་། ཨ་མེ་རི་ཀ་གླིང་ལྷོ་མའི་རྒྱལ་ཁབ། ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ། “བྷང་ག་ལ་མཚོ་ཁུག་མཐའ་འཁོར་གྱི་ཁྱབ་ཁོངས་མང་པོའི་དཔལ་འབྱོར་ལག་རྩལ་མཉམ་ལས་ཀྱི་འབོད་སྐུལ”གྱི་ཁོངས་མིའི་རྒྱལ་ཁབ་བཅས་དང་སྐད་ཆ་ཤོད་རེས་བྱས་པ་བརྒྱུད། འབོ་གསེར་སྙིང་སྟོབས་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁྲོད་དར་སྤེལ་བྱུང་ནས་འབོ་གསེར་མཉམ་ལས་དེ་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་པོར་མཆེད་ཡོད། དབྱིན་ཇིར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་ཡཱ་ལི་ཧྲན་ཏ·ཡཱ་ཁེ་ཝུན་ཁོ་ཡིས་རྩོམ་ཡིག་བྲིས་ནས་འབོ་གསེར་རྒྱལ་ཁབ་དེ་དེང་གི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ནང་གི་སྲ་ཞིང་བརྟན་པའི་གླིང་ཆེན་དབར་གྱི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། སྟོབས་ཤུགས་དེ་གསར་བརྗེའི་རང་བཞིན་ཞིག་མིན་ལ། གཏོར་བཤིག་རང་བཞིན་ཞིག་ཀྱང་དེ་བས་མིན། སྟོབས་ཤུགས་དེ་རྒྱུན་ཆད་མེད་པར་འཕེལ་རྒྱས་སྟོབས་ཆེར་འགྲོ་བ་དེ་ཐོག་ནས་འཛམ་གླིང་གི་དར་རྒྱས་དང་བདེ་འཇགས་ཆེད་དུ་ལེགས་སྐྱེས་འབུལ་བའི་ནུས་པ་མཚོན་ཡོད་ཅེས་བཤད་པ་རེད།
           ཀྲུང་གོ་ནི་འབོ་གསེར་ལམ་སྲོལ་གྱི་སྲ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་པ་དང་དེའི་ནང་ཞུགས་མཁན་ཞིག་ཡིན་པས་འབོ་གསེར་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དེ“འབོ་གསེར་རྒྱལ་ཁབ”ཞེས་པའི་ཐ་སྙད་འདོན་མཁན་ཅི་མུའུ·ཨའོ་ཉིར་གྱིས་དབྱིན་ཇིའི་རླུང་འཕྲིན་ཀུང་སིའི་བཅར་འདྲི་དང་ལེན་བྱེད་སྐབས“དེང་སྐབས་འབོ་གསེར་རྒྱལ་ཁབ་ཕན་ཚུན་གཞོགས་འདེགས་བྱས་ཏེ་བྱེད་ནུས་རང་བཞིན་གྱི་ལེགས་ཆ་མངོན་པ་དེ་ངས་15གོང་སྔོན་དཔག་ཡག་ཤོས་བྱས་པའི་ཚད་གཞི་ལས་བརྒལ་སོང་། དེའི་ནང་ནུས་ཤུགས་གཙོ་བོ་འདོན་མཁན་ནི་ཀྲུང་གོ་རེད”ཅེས་པའི་སྐད་ཆ་ལས་གསལ་པོ་རྟོགས་ཐུབ། དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ལ་བལྟས་ན། ཀྲུང་གོས་འབོ་གསེར་རྒྱལ་ཁབ་ནང་སྣེ་འདྲེན་བྱེད་པའི་ནུས་པ་དངོས་སུ་འདོན་བཞིན་ཡོད། འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱིས་གསར་དུ་ཁྱབ་བསྒྲགས་བྱས་པའི་《2016ལོ་ནས་2017ལོ་བར་གྱི་གོ་ལ་ཧྲིལ་པོའི་འགྲན་ནུས་སྙན་ཞུ་》ཞེས་པའི་ནང་ཀྲུང་གོས་འགྲན་ནུས་ཆེ་ཤོས་ལྡན་པའི་གསར་དར་ཁྲོམ་རའི་དཔལ་འབྱོར་གྲུབ་ཆའི་གནས་བབ་རྒྱུན་འཁྱོངས་བྱས་ཡོད་ཅེས་འཁོད་ཡོད། ལམ་སྲོལ་འཛུགས་སྐྱོང་ལ་བལྟས་ན། ཀྲུང་གོའི་འགོ་ཁྲིད་པས་འགོ་ཁྲིད་པའི་མཇལ་འཛོམས་རིམ་བྱུང་ཁྲོད་འབོ་གསེར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ཕུན་སུམ་ཚོགས་ལ་དགེ་མཚན་ལྡན་པའི་ཀྲུང་གོའི་བསམ་ཚུལ་རྒྱུན་ཆད་མེད་པར་བཏོན་ནས་འབོ་གསེར་མཉམ་ལས་ཀྱི་ཡིད་ཆེས་ཆེ་རུ་བཏང་བ་དང་འབོ་གསེར་འཕེལ་རྒྱས་ལ་ཐབས་བཟང་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།