འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་གློག་མི་འདང་བའི་གནད་དོན་ཐག་གཅོད་བྱུང་བཞིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་06ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། སྤྱིའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་16.5ཟིན་པའི་བོད་ཀྱི་ཆུ་ཤུགས་གློག་ཁང་ཆེ་གྲས་གཉིས་པ་སྟེ། མགོན་མདོ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་4ཉེ་ཆར་གློག་འདོན་འགོ་ཚུགས་ནས་དེ་སྔ་དུས་ཡུན་རིང་པོའི་ནང་གློག་དཀོན་པའི་བོད་ལྗོངས་ས་མཐོར་གློག་ཤུགས་མཁོ་སྤྲོད་ནུས་པ་ཆེས་ཆེར་མཐོ་རུ་ཕྱིན་ཡོད།
            གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། 2016ལོ་ནས་བཟུང་། བོད་ཀྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐད་དམ་འཛིན་ནན་པོ་བྱས་ཏེ་ལ་ལྷོ་ཆུ་བེད་ལྟེ་གནས་དང་། ལྷོ་ཁའི་གཙང་བྱང་ཆུ་འདྲེན་ཁུལ། རྒྱ་ཚ་ཆུ་ཤུགས་གློག་ཁང་སོགས་ཀྱི་ལས་གྲྭ་ལག་ལེན་བསྟར་བ་དང་མགོན་མདོ་ཆུ་ཤུགས་གློག་ཁང་འཁོར་རྒྱུག་བྱས་ཏེ་གློག་གཏོང་འགོ་ཚུགས་ཤིང་། ན་ནིང་ལོ་མཇུག་བར། བོད་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་265ཟིན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་དང་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་བསྐྲུན་ཟིན་ནས་འཁོར་རྒྱུག་བྱས་པ་དང་བོད་ནང་ཁུལ་གྱི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་པའི་གཞི་ཁྱོན་ཆེས་ཆེར་འཕར་བ་དང་སྦྲགས། དུས་ཡུན་རིང་པོའི་ནང་དགུན་དཔྱིད་གློག་དཀོན་པའི་གནས་ཚུལ་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད་པ་རེད།
           ཉེ་བའི་ལོ་ཤས་རིང་། བོད་ཀྱི་གློག་ཁུངས་དང་གློག་དྲ་འཛུགས་སྐྲུན་དུས་གཅིག་ཏུ་མགྱོགས་སུ་བཏང་བ་དང་མིག་སྔའི་བར། བོད་ཀྱི་གློག་དྲ་གཙོ་བོ་རྫོང་59ལ་ཁྱབ་ཡོད། “‘ལོ་ལྔ་ཚན་བཅུ་གསུམ་པའི’རིང་། བོད་ཀྱིས་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་བསྐྲུན་ཟིན་པའི་རྨང་གཞིའི་ཐོག ཁྲོན་བོད་དྲ་སྦྲེལ་སྔར་བས་སྣུར་སྲིང་བྱེད་པ་དང་བོད་དབུས་གློག་དྲ་དེ་ཆབ་མདོའི་གློག་དྲ་དང་མངའ་རིས་ཀྱི་གློག་དྲ་དང་སོ་སོར་དྲ་སྦྲེལ་ཐུབ་པ་བྱས་ནས་བོད་ཀྱི་གློག་དྲའི་གློག་ཤུགས་འགན་ལེན་དང་ཐོན་ཁུངས་བཀོད་སྒྲིག་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུ་རེད” 2020ལོར་སླེབས་སྐབས་གློག་དྲ་གཙོ་བོ་བོད་ཡོངས་ཀྱི་རྫོང་(ཆུས)74དང་ཤང་གྲོང་གཙོ་བོར་ཁྱབ་པ་བྱས་ནས་གློག་དྲ་གཙོ་བོས་གློག་མཁོ་འདོན་བྱ་ཡུལ་མི་འབོར་དེ་སྤྱིའི་མི་འབོར་གྱི་97%ཟིན་རྒྱུ་རེད་ཅེས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཞའོ་མིང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།