འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲང་ཧའེ་དང་ཡུན་ནན་ཆ་སྒྲིག་རོགས་སྐྱོར་བྱས་པའི་ལོ་ངོ་ཉི་ཤུ།

    འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲང་ཧྥན་དང་ཞུས་ཡོན་ཧྥེང་གིས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་16ཉིན། 08:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “ལོ་ངོ་ཉི་ཤུའི་གོང་རོགས་སྐྱོར་འགོ་རྩོམ་དུས་རྫོང་དབུལ་པོ་བདུན་གྱི་ཞིང་པར་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་630ལྷག་ལས་མེད་ཀྱང་། ད་ཆ་ལྡབ་བཅུ་ལྷག་ཙམ་འཕར་ཡོད”ཅེས་ཁ་གཏད་རོགས་སྐྱོར་གྱི་སྐོར་གླེང་སྐབས་ཧུང་ཧོ་ཧ་ཉི་རིགས་དབྱིས་རིགས་རང་སྐྱོང་ཀྲོའུ་དབུལ་སྐྱོར་གཞུང་ལས་ཁང་གི་འགོ་ཁྲིད་པས་ཚོར་སྣང་ཟབ་མོས་བཤད། 1996ལོའི་ཟླ་10པར་ཧྲང་ཧའེ་གྲོང་ཁྱེར་གྱི་ཞུས་ཧུའེ་དང་། ཁྲང་ཉིང་། ཆིང་ཕུའུ། ཧྥེང་ཞན་བཅས་ཆུས་4ཡིས་ཧུང་ཧོ་ཀྲོའུ་ཡི་རྫོང་བདུན་དབར་ཆ་སྒྲིག་རོགས་སྐྱོར་བྱས་ཤིང་། དེ་ནས་བཟུང་ཧྲང་ཧའེ་གྲོང་ཁྱེར་དང་ཡུན་ནན་ཞིང་ཆེན་དབར་ཆ་སྒྲིག་རོགས་སྐྱོར་བྱེད་འགོ་ཚུགས་པ་ནས་ད་བར་ལོ་ངོ་ཉི་ཤུ་འདས།
         གནད་འགག་ཆེ་སར་རོགས་རམ་བྱས།
         ཡུན་ནན་ནི“མཐའ་མཚམས་མི་རིགས་ཀྱི་རི་གྲོང་དབུལ་ཕོངས”ཞིག་ཡིན་པས་དབུལ་སྒྲོལ་གྱི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ལོ་ངོ་ཉི་ཤུའི་རིང་ཧྲང་ཧའེ་དང་ཡུན་ནན་གྱི་ཏང་སྲིད་འགོ་ཁྲིད་གཙོ་བོས་མཉམ་ཞུགས་ཚོགས་འདུ་ཐེངས་14འཚོགས་ཏེ་ཧྲང་ཧའེ་གྲོང་ཁྱེར་གྱི་ཆུས་དང་རྫོང་14ཡིས་ཡུན་ནན་གྱི་ཀྲོའུ་དང་གྲོང་ཁྱེར་4ཡི་གཙོ་གནད་རྫོང་26ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་གཏན་འཁེལ་བྱས་པ་དང་དུས་མཚུངས། པའོ་ཧྲན་དང་ཤིས་ཧྲོང་པན་ན་གཉིས་དཔལ་འབྱོར་མཉམ་ལས་ཁུལ་གྱི་གཙོ་བོར་བྱེད་པའི་རོགས་སྐྱོར་ལམ་སྲོལ་བཟོས་པ་རེད། 2015ལོར་ཧྲང་ཧའེ་ཡིས་ཡུན་ནན་ལ་མ་དངུལ་སྒོར་དུང་ཕྱུར་5དང་ཁྲི་3000ལྷག་ཙམ་རོགས་སྐྱོར་བྱས་པ་དེ་དུས་མཚུངས་ལས་བརྒྱ་ཆ་བརྒྱད་ཅུ་ལྷག་འཕར་བ་དང་། རོགས་སྐྱོར་རྣམ་གྲངས་300ལྷག་བསྐྲུན་པ་དེ་ལོ་རྒྱུས་ཀྱི་ཆུ་ཚད་གསར་པ་བཏོད་པ་རེད།
         གནད་འགག་ཆེ་སར་རོགས་སྐྱོར་བྱས་ཤིང་། ཡུན་ནན་གྱི་ཝུན་ཧྲན་དང་། ཧུང་ཧོ། ཕུའུ་ཨར། བདེ་ཆེན་བཅས་རོགས་སྐྱོར་བྱ་ཡུལ་ཀྲོའུ་དང་གྲོང་ཁྱེར་བཞི་ནི་དབུལ་ཕོངས་མང་བའི་ས་ཁུལ་རེད། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། ཐད་ཀར་ཁེ་ཕན་ཆེ་ཤོས་ཡོད་པ། རེ་བ་ཁ་ཚ་དགོས་གཏུགས་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་ལ་དམིགས་ནས་རོགས་སྐྱོར་བྱས་ཏེ་ཧྲང་ཧའེ་གྲོང་ཁྱེར་གྱིས་ལོ་ངོ་ཉི་ཤུའི་རིང་མ་དངུལ་སྒོར་དུང་ཕྱུར་20ལྷག་ཙམ་བཏང་བ་དང་དབུལ་སྐྱོར་རྣམ་གྲངས་བཞི་སྟོང་ལྷག་ཙམ་བསྐྲུན་པ་རེད།
         ཆུ་དང་། གློག ལམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དཀའ་ངལ་ནི་ས་ཁུལ་དབུལ་པོའི་ཐུན་མོང་གི་གནད་དོན་རེད། ཧྲང་ཧའེ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོར་ཡུན་ནན་རི་ཁུལ་གྱི་ཐོན་འབབ་འབྲིང་དམའི་ཞིང་ས་སྒྱུར་བཀོད་དང་། གྲོང་གསེབ་ཀྱི་གཞུང་ལམ་བཟོ་བ། གྲོང་ཚོའི་ལམ་བུ་མཁྲེགས་སྒྱུར། གློག་དང་རླུང་འཕྲིན་བརྙན་འཕྲིན“གྲོང་ཚོ་ཀུན་ཁྱབ”ལས་གྲྭ་ལག་བསྟར་བཅས་བྱེད་རོགས་བྱས་པ་རེད།
         “འཕེལ་རྒྱས་རང་བཞིན་གྱི་ཐོན་ཁུངས”ལ་བརྟེན་ནས“རྨང་གཞིའི་རང་བཞིན་གྱི་ཐོན་ཁུངས”ཀྱི་གསོན་ཤུགས་འཕེལ་བར་བྱས་པ།
         ཧྲང་ཧའེ་གྲོང་ཁྱེར་ལ་མ་དངུལ་དང་། ལག་རྩལ། དོ་དམ་སོགས་“འཕེལ་རྒྱས་རང་བཞིན་གྱི་ཐོན་ཁུངས”ཕུན་སུམ་ཚོགས་པོ་ཡོད་པ་དང་། ཡུན་ནན་ཞིང་ཆེན་ལ“སྐྱེ་དངོས་ཀྱི་རྒྱལ་ཁམས”ཞེས་བརྗོད་སྲོལ་ཡོད་ཅིང་། རྨང་གཞིའི་རང་བཞིན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པས། ཕྱོགས་གཉིས་དབར་གསབ་རེས་རང་བཞིན་ཧ་ཅང་ཆེན་པོ་ལྡན། ཡུན་ནན་གྱི་བཟོ་ལས་ཆུ་ཚད་ཅུང་དམའ་བ་དང་ཁྲོམ་ར་ཆེ་ལ་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཀྱང་ཧ་ཅང་ཆེན་པོ་ལྡན་ཡོད། ཡུན་ནན་གྱིས་རང་རྒྱལ་འདི་ཉིད་ནུབ་ཕྱོགས་སུ་སྒོ་མོ་འབྱེད་པའི“ཁྱབ་འགྱེད་ལྟེ་གནས”སྐྲུན་བཞིན་ཡོད་པ་ནི་ཧྲང་ཧའེ་ཡི་ཁེ་ལས་ཀྱིས་ནུབ་རྒྱུད་ཁྲོམ་ར་གསར་འབྱེད་བྱས་ཏེ་ཨེ་ཤེ་ཡ་ཤར་ལྷོ་དང་ཨེ་ཤེ་ཡ་ལྷོ་མ་སོགས་ཁྲོམ་རར་སྐྱོད་སའི“མཆོང་སྟེགས”ལྟ་བུ་རེད། “འཕེལ་རྒྱས་རང་བཞིན་གྱི་ཐོན་ཁུངས”ལ་བརྟེན་ནས“རྨང་གཞིའི་རང་བཞིན་གྱི་ཐོན་ཁུངས”ཀྱི་གསོན་ཤུགས་འཕེལ་བར་བྱས་པས་ཧྲང་ཧའེ་དང་ཡུན་ནན་དབར་རོགས་སྐྱོར་གྱི་འབྲེལ་བ་ཕུད་ད་དུང་མཉམ་ལས་ཀྱི་བར་མཐོངས་ཚད་མེད་ལྡན་ཡོད།
         ལོ་ངོ་ཉི་ཤུའི་རིང་ཧྲང་ཧའེ་ཡིས་ཐོན་ལས་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་4ལྷག་ཙམ་བཏང་བ་དང་། ཐོན་ལས་རོགས་སྐྱོར་རྣམ་གྲངས་500ལྷག་ཙམ་བསྐྲུན་པ། གླང་ཆེན་ཆིག་ཐུབ་དང་། ཇ་ལོ། སྡོང་ཕུང་། སེའུ་འབྲུ། སྟར་ག འགྱིག རྒུན་འབྲུམ། སུར་པན་སོགས་ཁྱད་ལྡན་ཐོན་ལས་འདེབས་གསོ་དང་། ཕག་དང་། ནོར། ལུག བྱ་དེ་སོགས་གསོ་ཚགས་རྟེན་གཞི་ཁག་གཅིག་བསྐྲུན་པ་མ་ཟད། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་ཉེ་འཁོར་དུ་ལས་ཞུགས་གཞན་སྒྱུར་དང“ཐོན་ལས་ཡོངས་ཀྱི་སྦྲེལ་ཐག”གི་ཁྱད་ལྡན་ཞིང་ལས་རོགས་སྐྱོར་གྱི་བྱེད་སྟངས་གསར་པ་འཚོལ་ཞིབ་ཀྱང་བྱས་པ་རེད།
         དགའ་ཉེ་དང་ཇི་ཙམ་གཤིབས་པ་དེ་ཙམ་གྱིས་བརྩེ་བ་ཟབ་ཏུ་ཕྱིན།
         ལོ་ངོ་ཉི་ཤུའི་རིང་ཧྲང་ཧའེ་ཡིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་10ལྷག་ཙམ་བཏང་ནས་དམངས་འཚོའི་རོགས་སྐྱོར་རྣམ་གྲངས་3000ལྷག་ཙམ་བསྐྲུན་ཁར་ཕུགས་རེའི་སློབ་གྲྭ་རོགས་སྐྲུན་བྱེད་པ་ནས་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། ཚན་རྩལ། རིག་གནས། ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་དབར་ཡོངས་སུ་ཁྱབ་ཅིང་། ད་ཆར་ཧྲང་ཧའེ་དང་ཡུན་ནན་གྱི་རོགས་སྐྱོར་མཉམ་ལས་ཀྱང་ཐོག་མའི་གཙོ་བོ་སྲིད་གཞུང་དབར་གྱི་རོགས་སྐྱོར་བྱ་སྤྱོད་ནས་ཁྲོམ་རའི་བྱེད་པོ་སྣ་ཚོགས་མཉམ་དུ་ཞུགས་པའི་དབར་རྒྱ་བསྐྱེད་ཁར་སླར་ཡང་སྤྱི་ཚོགས་ལས་རིགས་ཁག་ཞུགས་པའི“གླུ་གཞས་མཉམ་གཏོང་ཆེན་པོ”ཞིག་ཏུ་གྱུར་ཡོད།
         ལོ་ངོ་ཉི་ཤུའི་རིང་ཧྲང་ཧའེ་གྲོང་ཁྱེར་གྱིས་ཡུན་ནན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་143གཙོ་གནད་རོགས་སྐྱོར་བྱ་ཡུལ་ཀྲོའུ་དང་གྲོང་ཁྱེར་ལ་མངགས་ཏེ་གནས་སྦྱར་བྱས་པ་དང་། ཁག་18ཀྱི་མི་400ཡིས“ན་གཞོན་དང་བླངས་པའི་རྗེས་མཐུད་བྱ་སྤྱོད”སྤེལ་བ་རེད། དེ་དང་ཆབས་ཅིག་ཧྲང་ཧའེ་དང་ཡུན་ནན་ཕྱོགས་གཉིས་ཀྱིས་དངུལ་རྩ་དང་། གླིང་ཁུལ་དོ་དམ། ཐོན་ལས་གསར་སྤེལ། ཚོང་འགུགས་མ་འདྲེན་སོགས་ཁྱབ་ཁོངས་ལ་ཤེས་ལྡན་པ་དཀོན་པར་དམིགས་ནས་ཁྱོན་མི་ཐེངས་ཁྲི་50ལྷག་ལ་གསོ་སྦྱོང་བྱས་པ་རེད། ཡུན་ནན་ཞིང་ཆེན་གྱིས་ཁྲུའུ་དང་ཁའོ་རིམ་པའི་ལས་བྱེད་པ་300ཙམ་ཧྲང་ཧའེ་རུ་གནས་སྦྱར་དང་སློབ་སྦྱོང་ལ་བཏང་ནས་འཕེལ་རྒྱས་ཀྱི“མཇུག་སྣེ”དེ་ཐད་ཀར“འཐབ་ས་མདུན་མར”སྦྲེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།