འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་ལ་ལྷ་རམས་པའི་དགེ་བཤེས་ཀྱི་མིང་བཏགས་
    ཐོབ་པར་དཔྱད་ཞིབ་བྱ་རྒྱུའི་དབྱར་དུས་ཀྱི་སྦྱོར་རྒྱུགས་དགའ་ལྡན་དགོན་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་12ཉིན་2017ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་ལ་ལྷ་རམས་པའི་དགེ་བཤེས་ཀྱི་མིང་བཏགས་ཐོབ་པར་དཔྱད་ཞིབ་བྱ་རྒྱུའི་དབྱར་དུས་ཀྱི་སྦྱོར་རྒྱུགས་དགའ་ལྡན་དགོན་དུ་སྤེལ་ཞིང་། ལྷ་ས་དང་། གཞིས་ཀ་རྩེ། ཆབ་མདོ། ནག་ཆུ་བཅས་ནས་ཡོང་བའི་དགེ་འདུན་10རྒྱུགས་ལེན་དུ་ཞུགས་པ་རེད། 
         དགེ་བཤེས་ནི་བླང་དོར་གྱི་གནས་སྟོན་པའི་དགེ་བའི་བཤེས་གཉེན་ཏེ། ཡོན་ཚད་གྱི་གོ་མིང་ཞིག་ཡིན། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་མདོ་ལུགས་ཀྱི་དགེ་བཤེས་ཀྱི་མིང་བཏགས་རིགས་བཞི་རུ་དབྱེ་བ་སྟེ། གླིང་བསྲེའི་དགེ་བཤེས་དང་། རྡོ་རམས་པའི་དགེ་བཤེས། ཚོགས་རམས་པའི་དགེ་བཤེས། ལྷ་རམས་པའི་དགེ་བཤེས་བཅས་ཡིན། དེ་དག་ལས་ལྷ་རམས་པའི་དགེ་བཤེས་ཀྱི་མིང་བཏགས་ནི་ཆེས་མཐོ་བ་ཡིན་ཞིང་། དེང་རབས་སློབ་གསོའི་ལས་རིགས་ཀྱི་ནང་བསྟན་རིག་པའི་འབུམ་རམས་པའི་མིང་བཏགས་དང་མཚུངས་ལ། དགེ་ལུགས་པའི་དགེ་འདུན་ཡོངས་ཀྱིས་གསོ་སྦྱོང་བྱེད་པའི་དམིགས་ཡུལ་རེད།
         གོམས་སྲོལ་ལྟར་ན། ལྷ་རམས་པའི་དགེ་བཤེས་ཀྱི་མིང་བཏགས་ཐོབ་པའི་དཔྱད་ཞིབ་རྒྱུགས་ལེན་བྱེད་སྒོ་ནི་དབྱར་དུས་ཀྱི་སྦྱོར་རྒྱུགས་དང་རྟགས་གསལ་དམ་བཅའ་འཇོག་པའི་གོ་རིམ་གཉིས་ཡོད་ཅིང་། སྤྱི་བཏང་དུ་ལོ་བརྒལ་དུས་སུ་སྤེལ་གྱི་ཡོད།
         ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་སློབ་དོན་ཁྲུའུ་ཡི་ཁྲུའུ་ཀྲང་སྤེན་པ་ལགས་ཀྱིས་ཐེངས་འདིའི་དབྱར་དུས་ཀྱི་སྦྱོར་རྒྱུགས་ལ་ཞུགས་པའི་དགེ་འདུན་10པོ་ཚང་མ་དགོན་པ་སོ་སོ་ནས་ནན་ཏན་གྱིས་བདམས་གསེས་བྱས་པ་བརྒྱུད་དེ་ནང་ཆོས་ལ་བྱང་ཆུབ་པ་ཤ་སྟག་རེད་ཅེས་གསུངས་པ་རེད།
         སྤེན་པ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། སྦྱོར་རྒྱུགས་ལ་ཞུགས་པའི་དགེ་འདུན་ཚོས་ཉིན་5ཡི་ནང་《 ཚད་མ་རྣམ་འགྲེལ་》དང་། 《དབུ་མའི་གཞུང་ལ་འཇུག་པ》 《མངོན་པར་རྟོགས་པའི་རྒྱན》 《མཛད་འགྲེལ་མངོན་པའི་རྒྱན》 《ཆོས་མངོན་པ་མཛོད་》བཅས་ཀྱི་སྐོར་ལ་རྟགས་གསལ་དམ་བཅའ་འཇོག་རྒྱུ་དང་།  དེ་མིན་ད་དུང་དེང་རབས་རིག་གནས་ཤེས་བྱའི་སྐོར་ཡང་སྣོན་རྒྱུགས་སྤྲོད་དགོས། དཔྱད་ཞིབ་གདེང་འཇོག་ཨུ་ཡོན་ལྷན་ཁང་གིས་ཕྱོགས་ཡོངས་ནས་དཔྱད་ཞིབ་བྱས་ཏེ་ལོ་འཁོར་ལྷ་རམས་པའི་དགེ་བཤེས་ཀྱི་མིང་བཏགས་ཐོབ་པའི་རྟགས་གསལ་དམ་བཅའ་འཇོག་རྒྱུའི་ཐོབ་ཐང་ཐོབ་པའི་དགེ་འདུན་གྱི་མིང་ཐོ་གཏན་འཁེལ་བྱ་རྒྱུ་མ་ཟད། 2017ལོའི་དཔྱིད་ཀར་གཙུག་ལག་ཁང་དུ་རྟགས་གསལ་དམ་བཅའ་འཇོག་རྒྱུའི་མཛད་སྒོ་སྤེལ་བ་དང་། མིང་བཏགས་ཐོབ་པའི་དཔང་ཡིག་སྤྲོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།