འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་གྲུ་ཨང་11པའི་མི་བཞུགས་འཕུར་གྲུ་ཟླ་10པའི་ཟླ་དཀྱིལ་དུ་འཕེན་གཏོང་བྱ་རྩིས་ཡོད་པ།

    འཇིག་རྟེན་འཕུར་སྐྱོད་པ་སྐྱེས་པ་གཉིས་ལས་འཕུར་སྐྱོད་ལས་སྒྲུབ་ཚན་པ་གྲུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་15ཉིན། 15:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་ལས་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་གོ་རིམ་ལྟར་བཟོ་གྲྭ་ནས་མ་ཐོན་གོང་གི་ཞིབ་བཟོའི་ལས་དོན་ཚང་མ་ལེགས་གྲུབ་བྱུང་བ་དང་། ཟླ་8ཚེས་13ཉིན་འཕུར་གྲུ་པེ་ཅིང་ནས་ཀྲུང་གོ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་གནམ་གྲུ་འབོར་ནས་འཕེན་གཏོང་ར་བར་ཆ་ཚང་སྒྲིག་སྦྱོར་དང་ཚོད་ལྟ་བྱེད་བཞིན་ཡོད།
         ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུའི་ལས་འགན་གཙོ་བོ་ནི་སུམ་རྩེན་ཨང་གཉིས་པ་འཕུར་ལམ་ཐོག་འཁོར་རྒྱུག་བྱེད་པར་མི་དང་དངོས་ཟོག་ས་གནམ་དབར་དབོར་འདྲེན་གྱི་ཞབས་ཞུ་བྱ་རྒྱུ་དང་། མི་བཞུགས་ས་གནམ་དབར་དབོར་འདྲེན་མ་ལག་གི་བྱེད་ནུས་དང་གཤིས་ནུས་དང་ལྷག་པར་དུ་བར་མཐོངས་ས་ཚིགས་འཁོར་རྒྱུག་འཕུར་ལམ་སྦྲེལ་མཐུད་ལག་རྩལ་སྔར་བས་ཞིབ་དཔྱད་བྱ་རྒྱུ། སུམ་རྩེན་ཨང་གཉིས་པའི་བར་མཐོངས་ཚོད་ལྟ་ཁང་སྦྲེལ་མཐུད་བྱས་རྗེས་འཇིག་རྟེན་འཕུར་སྐྱོད་པ་དུས་འབྲིང་བཅའ་སྡོད་ཚོད་ལྟ་བྱ་རྒྱུ། གཅིག་སྒྲིལ་བྱས་ནས་འཇིག་རྟེན་འཕུར་སྐྱོད་པའི་འཚོ་བ་དང་། ལས་ཀ བདེ་ཐང་བཅས་ཀྱི་འགན་སྲུང་ནུས་པ་དང་འཇིག་རྟེན་འཕུར་སྐྱོད་པའི་འཕུར་སྐྱོད་ལས་འགན་སྒྲུབ་ནུས་ལ་ཞིབ་དཔྱད་བྱ་རྒྱུ་བཅས་རེད།
         ལྷ་གྲུ་ཨང་བཅུ་གཅིག་པའི་འཕུར་གྲུ་དང་ལྷ་གྲུ་ཨང་བཅུ་པའི་འཕུར་གྲུའི་ལག་རྩལ་སྤྱིར་ན་གཅིག་མཚུངས་ཡིན་ཞིང་། ལས་འགན་དང་ཐོན་རྫས་ཞིབ་བཟོའི་དགོས་མཁོ་གཞིར་བཟུང་། ལག་རྩལ་ཁ་ཤས་ལ་འགྱུར་ལྡོག་བཏང་ཡོད། ད་ཐེངས་ཀྱི་ལས་འགན་སྒྲུབ་མཁན་འཕུར་སྐྱོད་ལས་སྒྲུབ་ཚན་པ་དེ་འཇིག་རྟེན་འཕུར་སྐྱོད་པ་སྐྱེས་པ་གཉིས་ལས་གྲུབ་པ་དང་ཁོ་གཉིས་ད་ལྟ་ལས་འགན་སྒྲུབ་སྟངས་སྦྱོང་བརྡར་བྱེད་བཞིན་ཡོད། འཕུར་ལམ་ཐོག་འཕུར་སྐྱོད་བྱེད་རིང་། འཇིག་རྟེན་འཕུར་སྐྱོད་པས་འཇིག་རྟེན་འཕུར་སྐྱོད་ཀྱི་གསོ་རིག་དང་། བར་མཐོངས་ཚན་རིག་ཚོད་ལྟ། བར་མཐོངས་བཀོལ་སྤྱོད་ལག་རྩལ། འཕུར་ལམ་ཐོག་གི་ཉམས་བཟོ་ལག་རྩལ། བར་མཐོངས་ས་ཚིགས་ཀྱི་ལག་རྩལ་ཚོད་ལྟ། ཚན་རྩལ་ཁྱབ་གདལ་བྱེད་སྒོ་བཅས་སྤེལ་རྒྱུ་རེད།
         མིག་སྔར། འཕེན་གཏོང་ར་བའི་སྒྲིག་བཀོད་སྒྲིག་ཆས་ཡག་པོ་ཡོད་པ་དང་གྲ་སྒྲིག་ལས་འགན་ཁག་འཆར་གཞི་ལྟར་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད། ལྷ་གྲུ་ཨང་བཅུ་གཅིག་པའི་མི་བཞུགས་འཕུར་གྲུ་ཟླ་བ་བཅུ་པའི་ཟླ་དཀྱིལ་དུ་འཕེན་གཏོང་བྱ་རྩིས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།