འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྣོད་བཅུད་ནགས་ཚལ་ལས་བོད་ཀྱི་གླིའུ་སྐོག་གྲོང་ཚོའི་མང་ཚོགས་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་17ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་དགུང་གི་མཚམས་སུ་ས་མཐོའི་ཉི་འོད་ལུས་པོར་དྲོ་སོབ་སོབ་ངང་འཕྲོ་སྐབས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གླིའུ་སྐོག་གྲོང་ཚོའི་བགྲེས་སོང་ཚོ་ཉི་མ་བསྲོ་བཞིན་དུ་སྡོད་པ་དང་ཕྲུ་གུ་ཚོ་རྩེད་མོ་རྩེ་བའི་དགོད་སྒྲ་ཐག་རིང་གི་ཕྱོགས་སུ་གྲགས་བཞིན་འདུག
         མཐོ་གྲང་དང་། གསོ་རླུང་དཀོན་པ། བྱེ་རླུང་ལྡང་བ་བཅས་ཀྱི་གནམ་གཤིས་ཀྱིས་སྔོན་ཆད་གླིའུ་སྐོག་གི་མི་ཚོ་འཚོ་རྟེན་དཀའ་བར་གྱུར་པ་དང་ཁག་གཅིག་ཐ་ན་ལྟོ་སློང་བར་འགྲོ་དགོས་བྱུང་། ལོ་41ལ་སླེབས་པའི་འཕྲིན་ལས་ཀྱིས“སྔོན་ཆད་ས་ཞིང་བཏབ་ཀྱང་ཁྱིམ་མི་གསོ་མི་ཐུབ་པ་དང་ལས་མིར་ཕྱིན་ཡང་ལག་རྩལ་མེད་པས་མི་གཞན་ལྟོ་སློང་བར་འགྲོ་སྐབས་རང་ཉིད་ཀྱང་དེའི་རྗེས་སུ་འབྲངས་ནས་ལྟོ་སློང་བར་འགྲོ་ཡི་ཡོད”ཅེས་བརྗོད་བྱུང་།
         ཉེ་བའི་ལོ་ཤས་རིང་བོད་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”ཆུ་རྒྱུད་ཀྱི་ནགས་བཟོ་སྔོ་འགྱུར་གྱི་གོ་སྐབས་དང་བསྟུན་ནས་ཀྲུང་དབྱང་གི་མ་དངུལ་དང་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཧྲན་ཏུང་བོད་སྐྱོར་རུ་ཁག་གིས་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་བསྐྲུན་པ་རེད། མིག་སྔའི་བར་རྣམ་གླིང་རྫོང་གིས་ཤིང་ནགས་མུའུ་ཁྲི་2.3བཏབ་པས། བྱེ་རླུང་གནམ་གཤིས་བསྟན་ཚད་སྔར་ལོ་ལས་གསུམ་ཆ་གཅིག་ཉུང་དུ་སོང་ནས་མཁའ་རླུང་བརླན་ཚད་10%མཐོ་རུ་སོང་ཡོད་པ་རེད།
         ཤིང་འཛུགས་ལས་སྔོ་ལྗང་ཁོར་ཡུག་བྱུང་བ་མ་ཟད། དངོས་དངོས་རྗེན་རྗེན་གྱི་ཡོང་འབབ་ཀྱང་བྱུང་སྟེ་དེ་ཉིད་ཡུལ་མིའི“གསེར་ཕོར”དུ་གྱུར་ཡོད། ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་རྣམ་གླིང་སྣོད་བཅུད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་སྐབས་ས་གནས་ཀྱི་ཡུལ་མི་གླས་ནས་ཤིང་འཛུགས་དང་གཡོག་བྱེད་བྱས་ཁར་ནགས་སྲུང་བ་རེར་ཟླ་རེར་གླ་ཕོགས་སྒོར་1300ཡོད་ལ་དཀར་རྩི་བྱུག་པ་སོགས་ནགས་སྲུང་འདུ་འགོད་ནང་ཞུགས་མཁན་མིར་ཉིན་རེར་ཁ་གསབ་སྒོར་200རག་གི་ཡོད་པ་རེད།
         མིག་སྔར་གླིའུ་སྐོག་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་དེ་སྔོན་མའི་སྒོར་1200ནས་ལྡབ་ཁ་ཤས་འཕར་བ་དང་ཡུལ་མི་ཚོའང་ཁྱིམ་གྱི་སྒོ་འགྲམ་དུ་བག་ཕེབས་ངང་སྡོད་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། “ཁྱིམ་དུ་བསྡད་ཀྱང་དངུལ་མང་པོ་དེ་འདྲ་རག་སྐབས་ལས་མིར་འགྲོ་འདོད་བྱེད་མཁན་མེད་ལ་ལྟོ་སློང་བར་འགྲོ་མཁན་དེ་བས་ཀྱང་མེད”ཅེས་གཟུར་གདོང་གྲོང་ཚོའི་ཧྲུའུ་ཅི་དང་པོ་མིང་ལེའང་གིས་བརྗོད་བྱུང་།
         ཤིང་འཛུགས་ལས་ལས་ཞུགས་གོ་སྐབས་བྱུང་བ་མ་ཟད་ལྗང་མདོག་འཕེལ་རྒྱས་ཆེད་རྨང་གཞི་བཏིང་ཡོད། ནགས་ཚལ་ཐོན་ཁུངས་ལ་བརྟེན་ནས་རྣམ་གླིང་རྫོང་གིས་ནགས་འོག་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད་པ་དང་མིག་སྔར་བོད་བྱ་5000ལས་བརྒལ་བ་གསོ་ཚགས་བྱས་ཡོད་པ་དང་བོད་སྒོང་རེར་སྒོར་5རེ་རག་པ་དང་དུས་མཚུངས་མུའུ་ཁྲི་གཅིག་ལྷག་ཙམ་ཟིན་པའི་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་ཀྱིས་ས་གནས་ཀྱི་འདེབས་འཛུགས་ཁྲོམ་རའི་གཟན་ཆགས་མཁོ་འདོན་ཛ་དྲག་པའི་རྣམ་པ་ཞི་ལྷོད་དུ་གཏོང་ཐུབ་པ་བྱུང་ཁར་ཡུལ་མིའི་ཡོང་འབབ་ཀྱང་སྔར་བས་ཆེས་ཆེར་འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།