འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་རྨང་གཞིའི་སློབ་གསོའི་ཆ་འཕྲིན་ཅན་ལ་རོགས་
    སྐྱོར་བྱས་ནས་བོད་ཀྱི་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་རྨང་གཞིའི་སློབ་གསོའི་ཆ་འཕྲིན་ཅན་ལ་རོགས་
སྐྱོར་བྱས་ནས་བོད་ཀྱི་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་12ཉིན་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ལྗོངས་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་མཉམ་འབྲེལ་ཐོག་མ་དངུལ་སྒོར་ཁྲི་6000ཞལ་འདེབས་བརྒྱབ་ནས“སྤྲིན་རྩིས་སློབ་གྲྭ”ཞེས་པའི་རིག་ནུས་སློབ་གསོའི་སྤྲིན་རྩིས་ལས་སྟེགས་སྐྲུན་རོགས་བྱས་ཏེ་བོད་ཀྱི་རྨང་གཞིའི་སློབ་གསོའི་ཆ་འཕྲིན་ཅན་དང་དབུལ་སྐྱོར་འགག་སྒྲོལ་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་བ་དང་བོད་ལྗོངས་སློབ་གསོའི་གནད་སྨིན་དབུལ་སྐྱོར་ལ་རམ་འདེགས་བྱས་ནས་བོད་ལྗོངས་ས་ཁུལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
         ཞལ་འདེབས་འབུལ་བའི་མཛད་སྒོའི་ཐོག་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཆི་མིང་ཆིའུ་དང་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་སྐལ་བཟང་ཚེ་རིང་རྣམ་གཉིས་ཀྱིས་ད་རེས་ཞལ་འདེབས་བརྒྱབ་པའི་སྤྲིན་རྩིས་སློབ་གྲྭ་(པེ་ཅིང)ཚན་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་ཁྲེན་ཀྲེང་པའེ་ཡི་ཕྱག་ནས་ཞལ་འདེབས་བྱང་བུ་བླངས་པ་རེད། ད་རེས་སྤྲིན་རྩིས་སློབ་གྲྭ་(པེ་ཅིང)ཚན་རྩལ་ཚད་ཡོད་ཀུང་སིས་ཞལ་འདེབས་བརྒྱབ་པའི“སྤྲིན་རྩིས་སློབ་གྲྭ”ཞེས་པའི་རིག་ནུས་སློབ་གསོའི་སྤྲིན་རྩིས་ལས་སྟེགས་ནང་སློབ་སྦྱོང་དང་། སློབ་ཁྲིད། ཞིབ་འཇུག་བཅས་ཕྱོགས་གསུམ་གཞི་གཅིག་ཏུ་བསྡུས་པ་དང་དེའི་ནང་རིག་ནུས་སློབ་གྲྭའི་ཕྱོགས་བསྡུས་དོ་དམ་མ་ལག་དང་། སློབ་ཁྲིད་ཐོན་ཁུངས་ཕྱོགས་བསྡུས་དོ་དམ་མ་ལག བློ་རིག་སློབ་སྦྱོང་མ་ལག་བཅས་ཚུད་པས། བུ་བཅོལ་ཁང་ནས་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་བར་ལ་མཁོ་བའི་སློབ་གསོ་ཆ་འཕྲིན་ཅན་མ་ལག་གི་ནུས་པ་ཆ་ཚང་ལྡན་ཡོད། ནུས་པ་ཚང་བའི་མ་ལག་དེ་དག་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྲུན་ནང་སྤྱོད་རྒྱུ་རེད།
         ཅིང་ཏུན་ཆོན་གྱིས་སྔར་ནས་ད་བར་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་རང་ཉིད་ཀྱི་སྟོབས་ཤུགས་ཡོད་རྒུ་རྩལ་སྤྲུགས་བཏོན་ཏེ་ཞལ་འདེབས་བརྒྱབ་པའི་དངུལ་དང་དངོས་ཟོག་བོད་གསར་འཛུགས་སྐྲུན་གྱི་རླབས་ཆེའི་བྱ་གཞག་ནང་གཏོང་གི་ཡོད། དེའི་ནང་བོད་ཀྱི་ཐག་རིང་འབྲོག་ཁུལ་གྱི་གྲངས་ཉུང་མི་རིགས་སློབ་གྲྭའི་དགེ་རྒན་གཅིག་སྡུད་གསོ་སྦྱོང་དང་། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་མི་རིགས་སློབ་ཆེན་འགྲིམ་མཁན་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་པའི་སློབ་མར་རོགས་སྐྱོར། དེ་མིན་སྨན་བཅོས་རོགས་སྐྱོར་དང་བརྩེ་སེམས་མཚོན་པའི་གློག་ཀླད་དང་། བཟའ་རིགས། སྨན་རྫས་སོགས་ཀྱི་དངོས་ཟོག་ཀྱང་ཞལ་འདེབས་བརྒྱབ་པ་ཚུད་ཡོད་ཅེས་བཤད།
         བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བོད་ལྗོངས་འཕེལ་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཆེ་སྐལ་བཟང་ཚེ་རིང་གིས་ཤིས་ཚིག་གསུང་སྐབས་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཕྱིར་དུས་ཡུན་རིང་པོ་ལེགས་སྐྱེས་ཕུལ་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་སྤྲིན་རྩིས་སློབ་གྲྭ་(པེ་ཅིང)ཚན་རྩལ་ཚད་ཡོད་ཀུང་སིས་གཏོང་ཕོད་ཆེན་པོས་ཞལ་འདེབས་ཕུལ་བར་དགའ་བསུ་ཞུས་པ་དང་འབྲེལ་ལས་རིགས་ཁག་དང་སྔར་བས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་། རིག་གནས། སློབ་གསོ། འཕྲོད་བསྟེན། ཚན་རྩལ་ལག་རྩལ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་བྱ་གཞག་ཁག་གི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།