འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་འཁལ་འཐག་ལས་རིགས་ཀྱིས་ལོ་ལེགས་ཀྱི་རྣམ་པ་མཚོན་པའི་རུམ་བཏགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་07ཉིན། 16:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཧྲེང་ཡོན་ས་གདན་ཚོགས་པ་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་འཕྲུལ་འཁོར་གྱི་འུར་སྒྲས་ཁེངས་ལ། འཁལ་འཐག་བཟོ་པ་380ལྷག་ཙམ་གྱིས་བྲེལ་འཚུབ་ངང་ལས་ཀ་བྱེད་བཞིན་འདུག འཕྲུལ་འཁོར་གྱིས་བཏགས་པའི་ཚོན་མདོག་རྣམ་པར་བཀྲ་བའི་ས་གདན་དག་མི་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་གྱུར།
          ད་ཕན་ལོ་ཤས་རིང་ཁེ་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པར་བརྟེན། ཕྱི་རྒྱལ་གྱི་ཁྲོམ་ར་ཧྲེང་ཡོན་གྱི་ཕྱིར་ཚོང་ཁྲོམ་ར་གལ་ཆེན་དུ་གྱུར་ནས་ལོ་ལྟར་ས་གདན་ཕྱིར་གཏོང་བྱེད་ཚད་དེ་སྤྱིའི་བྲིན་ཚོང་གི་80%ཟིན་གྱི་ཡོད། མངགས་ཉོ་བྱེད་མཁན་མང་ཤོས་ནི་ཏི་པེ་དང་། ཨའོ་མོན། ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་བཅས་ནས་ཡིན་པ་དང་། འདི་ལོ་ཏི་པེའི་མངགས་ཐོ་སྨི་ངོས་གྲུ་ཁྲི་10ཟིན་པ་ལས་ས་གདན་ཧ་ཅང་བྲིན་པོ་ཡོད་པ་མཐོང་ཐུབ།
          ཐོན་རྫས་ཁྲོམ་རར་བྲིན་ཁ་རྒྱུག་པ་དེ་གཙོ་བོ་ཁེ་ལས་ཀྱིས་རྒྱུན་དུ་ཐོན་རྫས་ལ་བླང་བྱ་ནན་པོ་འདོན་པས་ཡིན། “ཁེ་ལས་ཀྱིས་ལོ་ལྟར་ཞིབ་སྤེལ་ལ་མ་དངུལ་སྒོར་ཁྲི་500ནས་སྒོར་ཁྲི་600བར་གཏོང་གི་ཡོད། ལོ་ལྟར་རི་མོ་འདྲ་མིན་གྱི་ཁ་གདན་འཐག་པ་དེ་ཁེ་ལས་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཡིན”ཞེས་ཁེ་ལས་ཀྱི་སྤྱི་ཁྱབ་ཅིང་ལི་ཀྲང་ཀོང་ཤན་གྱིས་དེ་ལྟར་བརྗོད་བྱུང་།
         ཁེ་ལས་ཀྱི་མདུན་ལམ་བཟང་བར་བརྟེན་ལས་བཟོའི་ཡིད་ཆེས་ཡང་ཆེ་རུ་ཕྱིན་ཞིང་། འདི་ལོ་ཁེ་ལས་ཀྱི་དཔལ་འབྱོར་ཆག་པའི་གནས་ཚུལ་འོག་ཏུ་ས་གདན་བྲིན་ཚད་ན་ནིང་ལས་3%འཕར་བ་དང་ལོའི་བྲིན་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་3ལས་བརྒལ་རྒྱུ་ཡིན་པ་ཐོས་སྐབས་ལས་བཟོ་ཚོར་དེ་བས་སེམས་ཤུགས་སྐྱེས། ད་ཕན་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱི་ས་གདན་མིང་གྲགས་ཆེ་རུ་ཕྱིན་པ་བརྒྱུད། མཚོ་སྔོན་འདི་ཉིད་སྐད་གྲགས་ཆོད་པའི་ས་གདན་ཐོན་ཡུལ་དུ་གྱུར་པ་མ་ཟད། འཁལ་འཐག་ལས་རིགས་ཀྱང་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དཔལ་འབྱོར་ལ་སྣེ་འཁྲིད་མཁན་གཙོ་བོར་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།