འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ས་གནས་ཁག་གི་དད་ལྡན་མང་ཚོགས་ཀྱིས་དགའ་ལྡན་ལྔ་མཆོད་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་07ཉིན། 16:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་5ཉིན་ནི་བོད་ཟླ་བཅུ་པའི་ཚེས་ཉེར་ལྔར་འཁེལ་ཅིང་། ཉིན་དེ་ནི་བོད་བརྒྱུད་ནང་བསྟན་གྱི་རི་བོ་དགེ་ལུགས་པའི་ལོ་གཅིག་དུས་གཅིག་གི་སྲོལ་རྒྱུན་ཆོས་ལུགས་བྱེད་སྒོ་སྟེ་དགའ་ལྡན་ལྔ་མཆོད་ཡིན་པས། བོད་ལྗོངས་དང་མཚོ་སྔོན་སོགས་ཀྱི་བོད་རིགས་ས་ཁུལ་ནས་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དགོངས་པ་ཆོས་དབྱིངས་སུ་འཐིམས་པར་དྲན་གསོ་ཞུ་བའི་ཆོས་ལུགས་བྱེད་སྒོ་སྤེལ་གྱི་ཡོད་པ་རེད།
          “དེ་རིང་ནི་རི་བོ་དགེ་ལུགས་པའི་གྲུབ་མཐའི་སྲོལ་འབྱེད་མཁན་རྗེ་ཙོང་ཁ་པ་དགོངས་རྫོགས་ཀྱི་ཉིན་མོ་ཡིན་པས་མི་རྣམས་ཀྱིས་ཞལ་འདོན་འདོན་པ་དང་། ཕྱག་འཚལ་བ། མཆོད་མེ་འབུལ་བ་སོགས་བྱས་ནས་རྗེ་ཙོང་ཁ་པར་འདས་མཆོད་བསྒྲུབས་ཏེ། བྱིན་བརླབས་ཀྱི་གྲུ་ཆར་འབེབས་རྒྱུར་རེ་བ་བྱེད་ཀྱི་ཡོད”ཅེས་དགའ་ལྡན་དགོན་པའི་དགེ་འདུན་པ་ཉི་མ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་རེད།
         ཉིན་དེར་དགེ་ལུགས་པའི་མ་དགོན་ཏེ་དགའ་ལྡན་དགོན་པའི་ནང་དུ་མཆོད་མར་གྱི་དྲི་བསུང་འཐུལ་ཞིང་། དགོན་པའི་ཕྱི་རོལ་དུ་བསང་དུད་ལང་ལོང་དུ་འཁྲིགས་བཞིན། དད་ལྡན་མང་ཚོགས་རྒན་གཞོན་སྟོང་ཕྲག་དུ་མས་ལ་ལས་མ་ཎི་ལག་འཁོར་སྐོར་བ་དང་ལ་ལས་ཕྱག་འཚལ་ནས་རྗེ་ཙོང་ཁ་པར་དྲན་གསོ་ཞུས་པ་རེད།
          ཧྲེ་ཧྲི་ཏུའུ་ཀླད་ཀོར་འོག་གི་8དུ་སླེབས་པའི་གྲང་ངར་ཆེ་བའི་ཞོགས་པར་སྟག་རྩེ་རྫོང་གི་ཨ་མ་རྒན་མོ་ཚེ་རིང་གིས་ཁྱིམ་མི་ཚང་མ་ཁྲིད་དེ་དགའ་ལྡན་དགོན་དུ་མཆོད་མཇལ་དུ་ཕྱིན་ཅིང་། ཁོང་གིས“ང་ཚོར་མཚོན་ན། དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཡིན་ཏེ། དེ་རིང་མཆོད་མེ་ཕུལ་བ་སོགས་དགེ་སྒྲུབ་བྱས་པའི་ཕན་ཡོན་དེ་ནམ་རྒྱུན་ལས་ཆེ་སྟབས་ངས་ངའི་མེས་རྒྱལ་དང་ངའི་ཁྱིམ་མི་ཚོའི་ཆེད་དུ་སྨོན་ལམ་ཡག་པོ་བཏབ་ཡོད”ཅེས་བཤད་པ་རེད།
         ཉིན་དེའི་དགོང་མོར། བོད་ཀྱི་ས་ཁུལ་ཁག་གི་དད་ལྡན་མང་ཚོགས་ཚོའི་ཁང་པའི་སྒེའུ་ཁུང་ཁར་མཆོད་མེ་ཕུལ་ཡོད་པ་དང་། དགོང་མོའི་ཆུ་ཚོད་8ལྷག་ཙམ་ཐོག་གཙུག་ལག་ཁང་གི་སྒོ་མདུན་དུ་མི་མང་པོ་འཚོགས་ནས་འགྲོ་སྐྱོད་དཀའ་བར་གྱུར་ཅིང་། དུང་། རྒྱ་གླིང་གི་སྒྲའི་ཁྲོད་དགེ་དགུན་པ་ཚོས་ལམ་གྱི་གཡས་གཡོན་དང་། མཆོད་རྟེན་གྱི་མཐའ་འཁོར། མཆོད་ཁང་གི་སྟེང་། སྒེའུ་ཁུང་། མཆོད་ཁྲི་སོགས་མཆོད་མེ་འཇོག་ཆོག་ས་གང་རུང་དུ་མཆོད་མེ་བཞག་ནས་ཞལ་ཁ་ཕྱེ་བའི་འོད་དག་ཡོན་ཆབ་ནང་ཕོགས་ནས་ལམ་དུ་འཚེར་གྱི་ཡོད་པ་རེད།
         “ང་དང་ཨ་མ་གཉིས་ཀྱིས་མཆོད་མེ་108ཞལ་ཁ་ཕྱེ་ནས་ཚེ་འདས་ཡོད་དོ་ཅོག་གི་ཕྱིར་དུ་བསྔོས་བ་ཞུས་པ་དང་ཆབས་ཅིག་ང་རང་གི་ཁྱིམ་མི་དང་གྲོགས་པོ་ཚོར་གེགས་དང་བར་ཆད་མི་ཡོང་བའི་སྨོན་ལམ་ཡང་བཏབ་པ་ཡིན”ཞེས་མལ་གྲོ་གུང་དཀར་རྫོང་གི་པ་སངས་སྒྲོལ་མས་གསར་འགོད་པར་བཤད་པ་དང་། ཁོང་གིས་ལོ་70ལ་སླེབས་པའི་ཨ་མ་རྒན་མོ་ཁྲིད་དེ་ཞོགས་པ་སྔ་མོ་ནས་གཙུག་ལག་ཁང་དུ་ཡོང་ནས་དད་ལྡན་མང་ཚོགས་ཁྲི་སྟོང་མང་པོ་དང་ལྷན་དུ་མཆོད་མེ་ཞལ་ཁ་ཕྱེ་ནས་གསོལ་བ་སྨོན་ལམ་བཏབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།