འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཐང་ག་ནི་ལག་རྩལ་ཞིག་ཡིན་ལ་རིག་གནས་ཤིག་ཀྱང་ཡིན། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་06ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཐང་ག་ནི་ལག་རྩལ་ཞིག་ཡིན་ལ་རིག་གནས་ཤིག་ཀྱང་ཡིན།
         མི་དམངས་དྲ་བའི་འཕྲིན། རླངས་འཁོར་བཏང་ནས་རོང་བོ་ལུང་ཁོག་བརྒྱུད་དེ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་བསྐྱོད་ན“རེབ་གོང་སྒྱུ་རྩལ”གྱི་འབྱུང་ཁུངས་ཏེ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐུན་རིན་རྫོང་དུ་སླེབས། དེ་གའི་ཐང་གའི་སྒྱུ་རྩལ་སྐད་གྲགས་ཆེན་པོ་ཡོད་པ་མ་ཟད། ཐང་གའི་སྒྱུ་རྩལ་པའང་ཁྲི་སྟོང་མང་པོ་ཡོད། སྐལ་བཟང་རྒྱ་མཚོ་ནི་དེ་དག་ཁྲོད་ཀྱི་གཅིག་རེད།
         ལོ་རབས་བརྒྱད་ཅུ་པའི་ནང་སྐྱེས་པའི་སྐལ་བཟང་རྒྱ་མཚོ་ནི་ལྷ་འབྲི་བ་ཞིག་ཡིན་པ་མ་ཟད། ད་དུང་མངོན་མིན་རིག་གནས་ཤུལ་བཞག“རེབ་གོང་སྒྱུ་རྩལ”གྱི་རྒྱུན་འཛིན་པ་ཞིག་ཀྱང་ཡིན་ཞིང་། ད་ཆ་ཁོང་ལ་རེབ་གོང་མི་རིགས་རིག་གནས་ཕོ་བྲང་འཛུགས་མཁན་གྱི་མཚན་ཡང་ཐོབ་ཡོད།
         རེབ་གོང་ས་ཁུལ་ནི་ཐུན་རིན་རྫོང་རོང་བོ་དགུ་ཆུའི་རྒྱུད་དུ་ཆགས་ཤིང་། སྔོན་མ་ནས“བོད་ཀྱི་རི་མོའི་ཕ་ས”ཞེས་འབོད་ཀྱི་ཡོད། སེང་གེ་གཤོང་གྲོང་ཚོ་ནི་ལོ་བརྒྱ་ཕྲག་དུ་མའི་རིང་ཐང་ག་སོགས་ལྷ་་འབྲིར་བརྟེན་ནས་སྐད་གྲགས་ཆོད་ཡོད། སྐལ་བཟང་རྒྱ་མཚོ་ནི་སེང་གེ་གཤོང་གྲོང་ཚོའི་བོད་རིགས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོང་ལ་མིང་སྲིང་བདུན་ཡོད་པ་ལས་མང་ཆེ་བས་ཐང་གའི་སྒྱུ་རྩལ་གཉེར་བཞིན་ཡོད།
         སྐལ་བཟང་རྒྱ་མཚོ་ཆུང་དུས་ནས་རྒན་རབས་པ་ཚོས་ལྷ་འབྲི་བར་ལྟ་བཞིན་འཚར་ལོངས་བྱུང་བས་དངོས་སུ་དགེ་རྒན་བསྟེན་ནས་ལོ་གཉིས་ཙམ་ལས་མ་འགོར་བར་རང་མགོ་ཐོན་པ་མ་ཟད། ད་དུང་སློབ་མ་ཡང་བསྟེན་འགོ་ཚུགས་པ་དང་། ལོ་དེར་ཁོང་ལོ་18ལ་སོན་ཙམ་རེད།
         རྗེས་སུ་སེང་གེ་གཤོང་གྲོང་ཚོའི་དགོན་པའི་བྱམས་ཁང་དུ་ལྷ་འབྲི་སྐབས། གྲོང་ཚོ་དེ་རང་ནས་ལྷ་འབྲི་བ་རྩེ་གྲ་གསུམ་བདམས་པའི་ནང་ལོ་20ལ་སོན་པའི་སྐལ་བཟང་རྒྱ་མཚོ་ཡོད།
         དེ་སྔའི་རེབ་གོང་གི་ལྷ་འབྲི་བ་དང་མི་འདྲ་བ་ཞིག་ལ། སྐལ་བཟང་རྒྱ་མཚོས“རི་མོ་འབྲི་སྲོལ་ཁོ་ན་སྦྱོང་བ་ལས་རིག་གནས་མི་སྦྱོང་བ”ནི་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་ཐད་ཀྱི་ཞན་ས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
         “སྒྱུ་རྩལ་པ་མང་པོ་ཞིག་གིས་རི་མོ་ཡག་པོ་འབྲི་ཐུབ་ཀྱང་། འགྲེལ་བཤད་དང་སྤེལ་རེས་བྱེད་མི་ཤེས་པ་མ་ཟད། ཐང་གའི་ཤུགས་སུ་ཡོད་པའི་རིག་གནས་ཀྱི་གོ་དོན་དེ་བས་ཀྱང་ཤེས་ཀྱི་མེད”འདི་ལྟ་བུའི་ལྷ་འབྲི་བ་ནི་བཟོ་པ་ལྟ་བུ་ཡིན་པས། དེའི་བརྩམས་ཆོས་ཀྱང་བཟོ་པའི་འབྲི་སྟངས་ཁོ་ན་ཡིན་པས་ཐང་གར་རྒྱུས་ཆེ་བ་ཞིག་གིས་བལྟས་པ་ཙམ་གྱིས་དེར་རིག་གནས་ཀྱིས་དབེན་པ་ཤེས་ཐུབ།
         “འབྲི་རྩལ་དང་རིག་གནས་གཉིས་ནི་གཤོག་པ་ཟུང་དང་འདྲ་བར་གང་ཆད་ཀྱང་རེབ་གོང་སྒྱུ་རྩལ་གྱི་བྱ་ཁྱུང་འདི་རོང་བོ་འགག་ནས་ཕྱིར་འཕུར་དཀའ” རང་གི་འདོད་ཚུལ་ལག་ལེན་བྱ་ཆེད། 2002ལོར་སྐལ་བཟང་རྒྱ་མཚོས་ལག་སྣེའི་ལས་ཀ་ཚང་མ་བསྐྱུར་ནས་མགོ་ལོག་ཤེས་རིག་སློབ་གླིང་དུ་ལོ་6ཟབ་སྦྱོང་བྱས།
         ལོ་དྲུག་པོ་དེ་ཁོང་རང་ལ་མཚོན་ན་རང་ཉིད་ཤེས་བྱ་གཏོང་བའི་དུས་མཚམས་ཤིག་ཡིན་ཏེ། “སློབ་སྦྱོང་བྱས་པ་བརྒྱུད། མེས་རྒྱལ་གྱི་རྒྱུན་རིང་བའི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་རྒྱུས་ལོན་པ་མ་ཟད། རང་གིས་བྲིས་པའི་རི་མོ་ཡང་སྙིང་གང་ཞིག་ཡིན་པ་དང་ཐང་གའི་སྒྱུ་རྩལ་འདི་གནའ་ནས་ད་བར་རྒྱུན་འཛིན་བྱུང་བའི་གསང་བ་ཡང་རིམ་གྱིས་ཤེས་སོང” ཐང་གའི་འབྲི་རྩལ་ནས་ཐང་གའི་རིག་གནས་བར་གྱི་འཕེལ་རྒྱས་ནི་ངོས་འཛིན་ཐད་ཀྱི“གསར་སྒྱུར་ཐོན་བརྗེ”ཞིག་ཡིན་པ་རེད།
         2010ལོར་སྐལ་བཟང་རྒྱ་མཚོས་རེབ་གོང་མི་རིགས་རིག་གནས་ཕོ་བྲང་འཛུགས་རྒྱུའི་གྲབས་གཤོམ་བྱས་པར་ས་གནས་དེ་གའི་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་པ་རེད། “ང་ཚོས་2008ལོ་ནས་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ་བཙུགས་ཏེ་ཕྱོགས་མང་པོའི་ཐད་ནས་རེབ་གོང་སྒྱུ་རྩལ་པར་རོགས་སྐྱོར་དང་རེབ་གོང་གི་སྒྱུ་རྩལ་ཁྱབ་སྤེལ་བཏང་ཡོད”ཅེས་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་ཁུང་རུང་གིས་བཤད།
         2012ལོར་རིག་གནས་ཕོ་བྲང་དངོས་སུ་གཉེར་སྐྱོང་བྱས་ཤིང་། དེ་ནི་ཐང་ག་འབྲི་ས་ཞིག་ཡིན་པ་མ་ཟད། ཐང་གའི་སྒྱུ་རྩལ་རྒྱུན་འཛིན་བྱེད་སའི་སློབ་ཁང་ཞིག་ཀྱང་རེད། ད་ཆ་རིག་གནས་ཕོ་བྲང་དེར་སློབ་མ་2000ལྷག་ཙམ་ཡོད་ཅིང་། ཁོང་ཚོས་ལོ་ལྔའི་རིང་སྔ་དྲོ་བོད་རྒྱ་སྐད་གཉིས་ཀྱི་རིག་གནས་སློབ་ཚན་དང་ཕྱི་དྲོ་ཐང་ག་འབྲི་སྟངས་སྦྱོང་དགོས་ཀྱི་ཡོད།
         ཐང་ག་ཁྲོམ་རར་བཏོན་འཕྲལ་དགའ་བསུ་ཆེན་པོ་ཐོབ་པས་ད་ཆ་ཐང་གའི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ཟིན་གྱི་ཡོད། “ཉེ་བའི་ལོ་ཤས་རིང་པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ་སོགས་དང་། དེ་བཞིན་རྒྱལ་ཕྱིར་ཐང་གའི་སྒྱུ་རྩལ་གྱི་བརྩམས་ཆོས་རྩེ་གྲ་འགྲེམས་སྟོན་ཐེངས་མང་བྱས་པར་ཚུར་སྣང་ལན་ཆ་ཡག་པོ་བྱུང་ནས། མངགས་ཐོ་མི་ཉུང་བ་ཞིག་འབྱོར་ཡོད”ཅེས་མཚོ་སྔོན་ཞིང་ཆེན་རིག་གནས་ཁྲུའུ་ཡི་ཁྲུའུ་ཀྲང་ཏེང་ཧྥུའུ་ལིང་གིས་བཤད།
         རྒྱང་རིང་གི་གངས་རི་ལས་འོད་ལམ་ལམ་དུ་འཚེར་ཞིང་། རིག་གནས་ཕོ་བྲང་གི་གསར་དུ་བརྒྱབ་པའི་སློབ་ཁང་གི་སྒྲོམ་གཞི་བསླངས་ཚར་བས་དེ་གར་ཡུན་རིང་མ་འགོར་བར་ལྷ་འབྲི་སྦྱོང་མཁན་སྔར་བས་མང་པོ་འདུ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།