འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྒྱུ་རྩལ་ལ་བཅངས་པའི་བདག་གི་བརྩེ་སེམས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལོ་བཅུ་ལྷག་ཙམ་ནང་ངས་ལོ་ལྟར་ཀྲུང་གོར་འགྲེམས་སྟོན་དང་། ཞིབ་འཇུག་གྲོས་མོལ། རིག་གནས་བྱེད་སྒོ་སྣ་ཚོགས་བཅས་ཀྱི་ཁྲོད་ཞུགས་པར་ཐེངས་མང་འགྲོ་གི་ཡོད་ལ་ཀྲུང་གོའི་སྒྱུ་རྩལ་དང་སྒྱུ་རྩལ་པའི་ད་ལྟའི་གནས་བབ་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད།
         ཀྲུང་གོར་གྲུབ་འབྲས་ཐོབ་པའི་སྒྱུ་རྩལ་པ་ཚང་མར་ཁྱད་ཆོས་གཅིག་ཡོད་པ་སྟེ། ཁོང་ཚོས་སྲོལ་རྒྱུན་གྱི་སྒྱུ་རྩལ་འཁྲབ་རྩལ་རྒྱུན་འཛིན་བྱས་ཡོད་ལ། དེང་རབས་སྤྱི་ཚོགས་ཀྱི་བསམ་པ་དང་བསྟུན་ནས་གསར་གཏོད་ཀྱང་བྱས་ཡོད་པ་དེ་རེད།
         ཀྲུང་གོའི་མཛེས་རྩལ་སློབ་གསོར་རྒྱུན་མཐུད་རང་བཞིན་ལྡན་པ་དང་མཛེས་རྩལ་སློབ་གླིང་དུ་སློབ་སྦྱོང་བྱེད་པའི་ན་གཞོན་མང་པོ་ཞིག་ནི་རི་མོ་མཁས་ཅན་གྱི་བརྩམས་ཆོས་ལད་འབྲི་བྱེད་པ་དང་། སྔ་རབས་ཀྱི་སྒྱུ་རྩལ་མཚོན་ཚུལ་དང་ཚིག་ཚོགས་སློབ་སྦྱོང་དང་གོ་བ་བླངས་ནས་སྔ་རབས་ཀྱི་ལེགས་ཆ་བསྡུ་ལེན་བྱེད་པའི་རྨང་གཞིའི་ཐོག་རང་ཉིད་ཀྱི་གསར་གཏོད་རང་བཞིན་འདོན་སྤེལ་བྱེད་ཀྱི་ཡོད་པ་དེ་རེད།
         དེ་ནི་ཧྥ་རན་སེའི་གནས་ཚུལ་དང་འདྲ་གི་མེད། ཧྥ་རན་སེའི་ན་གཞོན་ཚོས་ཐད་ཀར་བསམ་བཀོད་འདོན་སྤེལ་བྱ་རྒྱུར་སྔར་བས་ནན་བཤད་བྱེད་པ་ལས། སྲོལ་རྒྱུན་སྒྱུ་རྩལ་གྱི་རྨང་གཞིའི་ཤེས་བྱ་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་མེད་སྟབས། ནུབ་ཕྱོགས་སྒྱུ་རྩལ་ཐད་རྒྱུན་འཛིན་རང་བཞིན་མེད། ན་གཞོན་གསོ་སྐྱོང་བྱ་རྒྱུར་དམིགས་ཏེ་མཚོན་ཚུལ་ལ་མཐོང་ཆེན་བྱེད་ཀྱི་ཡོད་མོད་འོན་ཀྱང་སྒྱུ་རྩལ་གྱི་སྐད་བརྡ་དང་སྤེལ་རེས་ཐད་མཐོང་ཆེན་བྱེད་ཀྱི་མེད།
         ཀྲུང་གོའི་ན་གཞོན་ཁག་གཅིག་གིས་ཧྥ་རན་སེར་སྒྱུ་རྩལ་སྦྱོང་སྐབས་དང་ཐོག་ཧྥ་རན་སེའི་སློབ་ཁྲིད་བྱེད་སྟངས་གོམས་དཀའ་བ་དེ་ནི་རྦད་དེ་མ་འདྲ་བའི་དཔེ་དབྱིབས་གཉིས་ཡིན་པ་ངས་ཤེས་རྟོགས་བྱུང་།
         ད་ཆ་ང་ཚོས་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྒྱུ་རྩལ་གསོ་སྦྱོང་བྱེད་ཐབས་ཟུང་འབྲེལ་བྱས་ཏེ། ཕན་ཚུན་གྱི་སློབ་ཁྲིད་བྱེད་སྟངས་དང་སློབ་གསོའི་གྲུབ་འབྲས་ཕུན་སུམ་ཚོགས་སུ་གཏོང་བའི་ཚོད་ལྟ་བྱེད་ཆོག དེ་ལས་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་སྒྱུ་རྩལ་ཕན་ཚུན་ཤེས་རྟོགས་དང་སྤེལ་རེས་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཕན་འདོགས་རྒྱུ་རེད།
         འདི་ལོའི་ཟླ་བདུན་པར་ཀྲུང་གོའི་སྒྱུ་རྩལ་མཁས་ཅན་ཁག་གཅིག་གིས་རླངས་འཁོར་བཏང་སྟེ་པེ་ཅིང་ནས་ཐོན་ཐོག་དར་གོས་ལམ་བུ་བརྒྱུད་དུས་ཡུན་ཟླ་བ་4སྤྱད་དེ་ལམ་བར་མོང་གོལ་རྒྱལ་ཁབ་དང་། ཨུ་རུ་སུ། ཧྥིན་ལན་སོགས་རྒྱལ་ཁབ་22བརྒྱུད་ཧྥ་རན་སེར་འབྱོར་ཡོད། ཁོང་ཚོས་ལམ་བར་དུ་གསར་གཏོད་བྱེད་པ་དང་འབྲེལ་ལམ་རྒྱུད་རྒྱལ་ཁབ་ཀྱི་སྒྱུ་རྩལ་མཁས་ཅན་དང་སྤེལ་རེས་བྱས་པ་རེད།
         ཀྲུང་གོར་གྲོང་ཁྱེར་ཆུང་ཆུང་ཞིག་ཏུའང་མཛེས་རྩལ་ཁང་ཡོད་པ་དེའི་ནང་དེང་རབས་ཀྱི་སྒྱུ་རྩལ་མཁས་ཅན་གྱི་བརྩམས་ཆོས་འགྲེམས་སྟོན་བྱེད་པ་ནི་ཀྲུང་གོའི་གྲོང་ཁྱེར་དོ་དམ་བྱེད་པའི་ཁྲོད་གནས་བབ་གལ་ཆེན་བཟུང་བ་དང་། ཀྲུང་གོ་ཡོངས་སུ་མཛེས་རྩལ་མཐོ་རིམ་སློབ་གླིང་མང་པོ་ཞིག་ཡོད་པའི་ནང་ཀྲུང་དབྱང་མཛེས་རྩལ་སློབ་གླིང་དང་ཀྲུང་གོ་མཛེས་རྩལ་སློབ་གླིང་ཆེ་ཤོས་ཡིན་པ། ཀྲུང་གོར་ད་དུང་སྒྱུ་རྩལ་ཆེད་ལས་མཐུན་ཚོགས་སྣ་ཚོགས་ཡོད་པ་དེ་དག་གིས་ཀྲུང་གོའི་སྒྱུ་རྩལ་འཕེལ་རྒྱས་སྲིད་ཇུས་བཟོ་བའི་ཐད་རང་སོ་སོའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད། མཛེས་རྩལ་ཁང་དང་སྒྱུ་རྩལ་མཐོ་སློབ་ཡིན་ནའང་འདྲ། ཡང་ན་ཆེད་ལས་མཐུན་ཚོགས་ཡིན་ཡང་རུང་། ཚང་མ་སྒྱུ་རྩལ་མཁས་ཅན་གྱིས་དོ་དམ་དང་འགོ་ཁྲིད་བྱས་པ་ཞིག་ཡིན་པས། སྲོལ་རྒྱུན་གྱི་སྒྱུ་རྩལ་ལམ་སྲོལ་དེ་ཀྲུང་གོར་ཆ་ཚང་བའི་ངང་ཉར་ཚགས་བྱས་ཡོད་པ་མཐོང་བྱུང་།
         རིག་གནས་ཐོན་ལས་འཕེལ་རྒྱས་ནི་རྒྱལ་ཁབ་དང་། ཁྲོམ་ར། སྒྱུ་རྩལ་མཁས་ཅན་བཅས་རིམ་པ་3དང་འབྲེལ་བ་དང་དེ་དག་དབར་དོ་སྙོམས་རྒྱུན་འཁྱོངས་ཐུབ་ཚེ་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཀྱི་ལམ་ཡག་པོར་བསྐྱོད་ཐུབ་པ་དང་། ཀྲུང་གོའི་དེའི་ཐད་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་ཡོད། ཀྲུང་གོའི་སྒྱུ་རྩལ་འཕེལ་རྒྱས་འཆར་གཞི་དང་། ཁྲོམ་རའི་ལམ་སྲོལ། སྒྱུ་རྩལ་མཁས་ཅན་གྱིས་གསར་རྩོམ་ལ་ལྕག་སྐུལ་བྱེད་པའི་སྲིད་ཇུས་བཅས་ནི་མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡོད།
         ཀྲུའུ་ཞི་མའོ་ཙེ་ཏུང་གིས“མེ་ཏོག་མཉམ་བཞད་དང་། མཁས་བརྒྱ་འགྲན་གླེང”ཞེས་པའི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་བྱེད་ཕྱོགས་བཏོན་གནང་བ་དེ་ནི་ཀྲུང་གོས་མིག་སྔར་ལག་ལེན་བསྟར་བཞིན་པ་ཞིག་ཡིན་ལ་ང་ཚོས་མིག་དཔེར་འཛིན་པ་དང་སློབ་སྦྱོང་བྱེད་དགོས་པ་ཞིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།