འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་མིའི་རིགས་སྤྱི་ཚོགས་ཀྱི་ཆེད་དུ་རླབས་ཆེའི་ལེགས་སྐྱེས་འབུལ་རྒྱུ་རེད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 16:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉིན་དགུང་གི་དུས་སུ་སླེབས་ནའང་། ཨ་རིའི་དེ་སྔའི་རྒྱལ་དོན་བློན་ཆེན་ཅི་ཤིན་ཀེ་སྔར་རྒྱུན་བཞིན་ཉིའུ་གཡོད་གཞུང་དོན་ཁང་དུ་ཕྱག་ལས་ལ་བྲེལ་བཞིན་ཡོད་ཅིང་། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། དགུང་ལོ་92ལ་ཕེབས་པའི་ཅི་ཤིན་ཀེས“ཀྲུའུ་ཞི་ཞིས་ཅིན་ཕིང་གི་མཇུག་འགྲིལ་མ་ཐག་པའི་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་བ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ད་ཐེངས་ཀྱི་འཚམས་འདྲིར་བརྟེན་ནས་གནད་དོན་མང་དག་ཅིག་ཐག་གཅོད་གནང་རྒྱུ་རེད་ལ། ཕྱོགས་གཉིས་པོས་ད་ཐེངས་ཀྱི་འཚམས་འདྲིར་བློ་ཡིད་ཚིམ་པོ་གནང་གི་ཡོད། ཕན་ཚུན་སྤེལ་རེས་བརྒྱུད་ཕྱོགས་གཉིས་པོས་ཕར་ཕྱོགས་ལ་དོ་ཁུར་བྱེད་རྒྱུ་རེད། ཉེ་ཆར་ང་དང་ཨོ་པ་མ་གཉིས་དབར་ད་ཐེངས་འཚམས་འདྲིའི་སྐོར་གླེང་བ་ཡིན། ཨོ་པ་མས་ད་ཐེངས་འཚམས་འདྲི་བྱས་པ་བརྒྱུད་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་འཕེལ་རྒྱས་ཁྲོད་ཀྱི་འགལ་རྐྱེན་འགའ་བསལ་སོང་གསུངས་ཀྱི་འདུག ཕྱོགས་གཉིས་པོས་ཕན་ཚུན་ཤེས་རྟོགས་དེ་བས་ལེགས་པ་ཐུབ་ཡོད”ཅེས་བརྗོད།
         ཟླ་9ཚེས་22ཉིན་ཝ་ཧྲིང་ཐོན་ཀྲོའུ་ས་གནས་སྲིད་གཞུང་དང་ཨ་རིའི་མཛའ་མཐུན་ཚོགས་པས་ཀྲུའུ་ཞི་ཞིས་ཅིན་ཕིང་ལ་མཉམ་འབྲེལ་ཕེབས་བསུའི་གསོལ་སྟོན་བཤམས་ཡོད་པ་དང་། ཀྲུའུ་ཞི་ཞིས་ཅིན་ཕིང་གིས“འབུམ་རམས་པ་ཅི་ཤིན་ཀེས་ལྟ་བ་གསར་པ་འགའ་གསུངས་ཀྱི་ཡོད། ཁོང་གིས་ངོ་སྤྲོད་གནང་བ་བརྒྱུད། ངས་རང་ལ་རྒྱུས་མངའ་གསར་པ་ཐུབ་སོང”ཞེས་གསུང་སྐབས། ཅི་ཤིན་ཀེས་ཞིས་ཀྲུའུ་ཞིའི་གསུང་བཤད་ལས་ང་རང་ལ་སེམས་འགུལ་ཚད་མེད་ཐེབས་བྱུང་། ཞིས་ཀྲུའུ་ཞི་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་རླབས་ཆེའི་འགོ་ཁྲིད་ཅིག་ཏུ་འགྱུར་ངེས་རེད་ཅེས་བརྗོད།
         འདི་ག་ཚགས་པར་གྱི་གསར་འགོད་པས་ཅི་ཤིན་ཀེར་ཉེ་ཆར་ཀྲུང་གོ་རྒྱལ་སྤྱིའི་ཡིད་རྟོན་མ་དངུལ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་《འཛམ་གླིང་གི་སྒྲིག་ལམ་》ཞེས་པའི་དཔེ་དེབ་ཀྱི་རྒྱ་ཡིག་པར་གཞི་ཕུལ་བས། ཅི་ཤིན་ཀེས་དགྱེས་ཚོར་ཆེན་པོའི་ངང“དངོས་གནས་ཡག་པོ་འདུག དངོས་གནས་ཡག་པོ་འདུག”ཅེས་བརྗོད་བཞིན་དུ་དཔེ་དེབ་ཁ་ཕྱེ་ནས་གཟིགས། དཔེ་དེབ་དེའི་ནང་ཅི་ཤིན་ཀེས་ཉེ་བའི་ལོ་400རིང་གི་འཛམ་གླིང་ལོ་རྒྱུས་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་གནས་ཚུལ་ལེགས་སྒྲིག་བྱས་ནས་ཡོ་རོབ་དང་། ཨེ་ཤེ་ཡ། དབུས་ཤར་ས་ཁུལ། ཨ་རི་བཅས་ཀྱིས“འཛམ་གླིང་སྒྲིག་ལམ”ལ་འཛིན་པའི་ངོས་འཛིན་མི་འདྲ་བར་ཞིབ་གཟིགས་གནང་ཡོད།
         ཀྲུང་ཨ་རྒྱལ་ཁབ་གཉིས་པོར་རིག་གནས་དང་ལོ་རྒྱུས་མི་འདྲ་བ་ལྡན་ཡོད་པས་དཀའ་ངལ་དང་འགྲན་སློང་ཁག་གཅིག་གི་མདུན་དུ་མཐུན་ཆ་ལྡན་པའི་འཕེལ་རྒྱས་སྒྲིག་ལམ་གྱི་དོན་སྙིང་གང་དུ་ཡོད་དམ། གནས་ཚུལ་དེའི་ཐད་ཅི་ཤིན་ཀེས་དང་ཐོག་ང་ཚོས་ངེས་པར་དུ་རང་སོའི་རིག་གནས་སློབ་སྦྱོང་བྱེད་དགོས་པ་དང་། གཉིས་ནས་ཕར་ཕྱོགས་ཀྱི་རིག་གནས་ལ་བརྩི་འཇོག་བྱེད་དགོས་པ། གསུམ་ནས་དེང་རབས་ལག་རྩལ་འཕེལ་རྒྱས་ཆེན་པོ་ཕྱིན་པ་ལས་ང་ཚོའི་མཉམ་ལས་ལ་སྐུལ་འདེད་བཏང་ཡོད། དེར་བརྟེན་རྒྱལ་ཁབ་གཉིས་པོར་གོ་སྐབས་འཕྲད་ཡོད་ལ་མཉམ་ལས་བྱེད་པའི་འགན་འཁྲིའང་ཡོད། དེ་ནི་ངས《ཞིས་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་གླེང་བ》ཞེས་པའི་དེབ་ནང་ནས་ཤེས་པའི་དགོངས་དོན་རེད་ཅེས་བརྗོད།
         འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཅི་ཤིན་ཀེས“ངས་དབྱིན་ཡིག་པར་གཞིའི་《ཞིས་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་གླེང་བ་》ཡིག་འབྲུ་རེ་རེ་དང་ཚིག་དུམ་རེ་རེ་བཞིན་གོ་བ་ཡག་པོ་བླངས་པ་ཡིན”ཞེས་བརྗོད་པ་དང་། ཁོང་གིས་མི་འབོར་དུང་ཕྱུར་བཅུ་ཕྲག་ཁ་ཤས་ཡོད་པའི་ཀྲུང་གོ་འཕེལ་རྒྱས་ཕྱིན་པ་དེ་ནི་མིའི་རིགས་སྤྱི་ཚོགས་ཀྱི་རླབས་ཆེན་ལག་ལེན་གྱི་བྱེད་སྒོ་ཞིག་རེད། ཀྲུང་གོའི་འབྱུང་འགྱུར་གྱི་འཕེལ་ཕྱོགས་འཛམ་གླིང་ཧྲིལ་པོ་དང་འབྲེལ་བ་ཡོད། ཀྲུང་གོས་མི་རྣམས་ཡིད་ཆེས་དཀའ་བའི་བྱ་བ་ཆེན་པོ་བསྒྲུབས་པ་ངས་མིག་མཐོང་ལག་ཟིན་བྱུང་། ད་ཆའི་ཀྲུང་གོས་སླར་ཡང་མཆོང་སྐྱོད་གསར་པ་ཞིག་བྱ་རྒྱུའི་འཆར་གཞི་འདིང་བཞིན་ཡོད་པས། དེ་ནི་དོན་སྙིང་ཟབ་མོ་ལྡན་པའི་བྱ་བ་ཞིག་རེད། ཀྲུང་གོའི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཞི་བདེ་ལ་ཕུལ་བའི་རླབས་ཆེའི་ལེགས་སྐྱེས་ཤིག་རེད་ཅེས་བརྗོད།
         ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”དང་ཨེ་ཤེ་ཡའི་མ་འཇོག་དངུལ་ཁང་འཛུགས་རྒྱུའི་གྲོས་འགོའི་ཐད་ཅི་ཤིན་ཀེས། “བྱ་ཐབས་དེ་དག་བརྒྱུད་ཀྲུང་གོས་རང་ངོས་ཀྱི་བཟོ་ལས་ནུས་པ་སྤྱད་དེ་འབྲེལ་ཡོད་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱ་ཆོག་གི་རེད”ཅེས་བརྗོད།
         བཅར་འདྲི་མཇུག་འགྲིལ་རྗེས་ཅི་ཤིན་ཀེས་ཆེད་མངགས་གསར་འགོད་པའི་ལག་ནས་འཇུ་བཞིན་དུ“ང་རང་ཀྲུང་གོ་བ་དང་གླེང་མོལ་བྱ་རྒྱུར་དགའ་པོ་ཡོད་ལ། རང་ཚུགས་རང་བདག་གི་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ལའང་ང་རང་དགའ་པོ་ཡོད”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།