འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྱིམ་ཚང་གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་ལ་འགེབས་སྲུང་དང་རོགས་སྐྱོར་བྱེད་པའི་
    ལས་དོན་ཧུར་ཐག་སྒྲུབ་དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་དམངས་སྲིད་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་《ཁྱིམ་ཚང་གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་ལ་འགེབས་སྲུང་དང་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》འགྲེམས་སྤེལ་བྱས་ནས་དམངས་སྲིད་སྡེ་ཚན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁྱིམ་ཚང་གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་ལ་འགེབས་སྲུང་དང་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་པ་རེད།
         ཚན་རིག་དང་མཐུན་པའི་ངང་ལས་ཀའི་རྩ་དོན་གཏན་འཁེལ་བྱེད་པ། 《བསམ་འཆར་》ནང་ན་སོ་དར་ལ་མ་བབ་པའི་མིར་དམིགས་བསལ་ངང་སྔོན་དུ་སྲུང་སྐྱོང་དང་། ཁྲིམས་ལྟར་འགེབས་སྲུང་། ཆེད་ལས་རོགས་སྐྱོར། སྤྱི་ཚོགས་ཐུན་མོང་ཐོག་ཞུགས་པ་སོགས་ལས་ཀའི་རྩ་དོན་ལས་ཁྲིམས་ལྟར་སྲིད་འཛིན་གྱི་ཁྲིམས་སྐྱོང་བསམ་བློ་དང་། ཆེད་ལས་ཞབས་ཞུའི་ཚན་རིག་དང་མཐུན་པའི་འདུ་ཤེས། སྣ་མང་གཙོ་གཟུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱི་སྒོ་དབྱེའི་སྙིང་སྟོབས་གང་ལེགས་མཚོན་ཡོད་པ་རེད།
         ལས་ཀ་བྱ་ཡུལ་ཁྲིམས་ལྟར་དབྱེ་འབྱེད་བྱེད་པ། 《བསམ་འཆར་》ནང་ལས་ཀ་བྱ་ཡུལ་ནི“རྒྱུན་སྡོད་མི་འབོར་དང་དེ་བཞིན་ཕྱོགས་མིའི་ཁྲོད་ཁྱིམ་ཚང་གི་གཏུམ་སྤྱོད་ལས་མི་ལུས་བདེ་འཇགས་ལ་འཇིགས་སྐུལ་ཕོག་པ་དང་། གནས་སྡོད་བྱེད་ས་མེད་པ་སོགས་གནས་སྐབས་ཀྱི་འཚོ་བའི་དཀའ་ངལ་འཕྲད་པ། འགེབས་སྲུང་དང་རོགས་སྐྱོར་བྱེད་དགོས་པའི་ན་སོ་དར་ལ་མ་བབ་པའི་མི་དང་འགེབས་སྲུང་དང་རོགས་སྐྱོར་བྱེད་རོགས་ཞུ་མཁན་ན་སོ་དར་ལ་བབ་པའི་གནོད་འཚེ་ཕོག་མཁན”བཅས་ལ་དབྱེ་འབྱེད་བྱས་པ་མ་ཟད“འགེབས་སྲུང་དང་རོགས་སྐྱོར་བྱེད་རོགས་ཞུ་མཁན་བུད་མེད་ཀྱིས་ལྟ་སྐྱོང་བྱེད་དགོས་པའི་ན་སོ་དར་ལ་མ་བབ་པའི་བུ་ཕྲུག་འཁྲིད་ནས་མཉམ་དུ་འགེབས་སྲུང་བྱེད་རེ་ཞུ་ཆོག་པ”གསལ་སྟོན་བྱས་ནས་རྒྱུན་སྡོད་མི་འབོར་དང་ཕྱོགས་མིའི་ཁྲོད་ཀྱི་ཁྱིམ་ཚང་གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་ཚང་མ་འགེབས་སྲུང་དང་རོགས་སྐྱོར་གྱི་ཁྱབ་ཁོངས་ནང་བཅུག་པ་རེད།
         དུས་ཐོག་ཏུ་འགེབས་སྲུང་རོགས་སྐྱོར་གྱི་ཞབས་འདེགས་ཞུ་བ། 《བསམ་འཆར་》ནང“དམངས་སྲིད་སྡེ་ཚན་དང་དེ་བཞིན་རོགས་སྐྱོར་དོ་དམ་སྒྲིག་གཞིས་སྤྱི་བདེ་ལས་ཁུངས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་སྲུང་སྐྱེལ་བྱེད་པའམ་ཡང་ན་རང་འགུལ་ངང་འགེབས་སྲུང་དང་རོགས་སྐྱོར་བྱེད་རོགས་ཞུ་བར་ཡོང་བའི་གནོད་འཚེ་ཕོག་མཁན་དུས་ཐོག་ཏུ་དང་ལེན་བྱེད་དགོས་པའི”གཏན་འབེབས་ཁ་གསལ་བྱས་པ་དང་འགེབས་སྲུང་དང་རོགས་སྐྱོར་ལས་དོན་གྱི་ཞིབ་ཕྲའི་བརྒྱུད་རིམ་དང་བྱ་ཐབས་ཞིབ་ཕྲ་འཐུས་ཚང་དུ་བཏང་བ་དང་འབྲེལ་ཁྱིམ་ཚང་གཏུམ་སྤྱོད་ཀྱི་གནོད་འཚེ་ཕོག་མཁན་གྱི་གསང་དོན་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་བྱས་པ་མ་ཟད། བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་དམངས་སྲིད་སྡེ་ཚན་གྱིས་ཁྱིམ་ཚང་གཏུམ་སྤྱོད་ཀྱི་གནས་ཚུལ་ཤེས་རྟོགས་དང་སྙན་སེང་ཞུ་རྒྱུའི་འགན་འཁྲི་དང་འོས་འགན་གཏན་འབེབས་ཀྱང་བྱས་པ་རེད།
         ན་སོ་དར་ལ་མ་བབ་པའི་གནོད་འཚེ་ཕོག་མཁན་གྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ནན་བཤད་བྱེད་པ། 《བསམ་འཆར་》ནང་དམངས་སྲིད་སྡེ་ཚན་དང་རོགས་སྐྱོར་དོ་དམ་སྡེ་ཚན་གྱིས་ན་སོ་དར་ལ་མ་བབ་པའི་མིའི་གནས་སྐབས་ལྟ་སྲུང་དང་། བརྟག་དཔྱད་དཔྱད་དཔོག ཕྱོགས་མང་གྲོས་མོལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་བླང་བྱ་བཏོན་པ་དང་ཆེད་མངགས་ས་ཁོངས་ཀྱི་རོགས་སྐྱོར་སྲུང་སྐྱོང་དང་ཆེད་མིས་གསོ་སྐྱོབ་ལྟ་སྐྱོང་སོགས་ཀྱི་ཞིབ་ཕྲའི་སྲུང་སྐྱོང་བྱ་ཐབས་གཏན་འཁེལ་བྱས་པ་དང་འབྲེལ། ན་སོ་དར་ལ་བབ་པའི་མི་ཞུགས་རྒྱུར་འཚམ་པ་དང་ལྟ་སྲུང་དབང་ཆ་མེད་པ་བཟོ་བ་སོགས་དམིགས་བསལ་གྱི་སྲུང་སྐྱོང་བྱ་ཐབས་ཁྲིམས་ལྟར་གཏན་འབེབས་ཀྱང་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།