འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་བརྒྱ་ཕྲག་ཁ་ཤས་བཏང་ནས་བོད་ཀྱི་
    དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་གི་འདུག་ཅེས་པའི་རྩོམ་ཡིག་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་25ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་《ཨོ་སི་ཁྲུ་ལི་ཡ་བ་》ཞེས་པའི་ཚགས་པར་ཐོག་ཀྲུང་གོ་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་བརྒྱ་ཕྲག་ཁ་ཤས་བཏང་ནས་བོད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་སྤེལ་ཡོད་ཅིང་། རྩོམ་ཡིག་ནང་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་བསྐྲུན་པའི་གཡག་རྟེན་མཛོད་གླིང་དུ་ལྟ་སྐོར་དུ་བསྐྱོད་པའི་ལམ་བར་དུ། ང་ཚོ་གྲོང་ཁུལ་གཙོ་བོའི་ཟམ་ཆེན་ཞིག་བརྒྱུད་དགོས་ཀྱི་ཡོད། ཟམ་ཆེན་བརྒྱུད་སྐབས་ང་ཚོ་དང་དམག་སྤྱོད་རླངས་འཁོར་རུ་ཁག་ཅིག་ཐུག་བྱུང་།
         ལྗིད་ཐེག་རླངས་འཁོར་མང་པོ་ཞིག་གི་ཐོག་རུ་སྟར་བསྒྲིགས་པའི་དམག་མི་བླུགས་ཡོད་པ་དང་རླངས་འཁོར་རུ་ཁག་ནང་ད་དུང་ཐན་ཁེ་ཁ་ཤས་ཀྱང་འདུག ཐན་ཁེ་རེ་རེའི་ཐོག་དམག་མི་གཅིག་རེ་ལངས་ནས་རྒྱང་ལྟ་བྱེད་ཀྱི་འདུག དམག་སྤྱོད་རླངས་འཁོར་གྱི་གཞོགས་ཤིག་ཏུ“ཀུན་སེམས་གཅིག་སྒྲིལ”ཞེས་པའི་ཡིག་འབྲུ་བཞི་བྲིས་ཡོད་པ་དང་རླངས་འཁོར་རུ་ཁག་དེ་མྱུར་ཚད་སྙོམས་པོའི་ངང་གཏོང་བ་ལས། དེ་ནི་འཕྲལ་སྡོམ་བྱ་སྤྱོད་སྤེལ་ཆེད་དུ་མིན་པ་གསལ་པོ་ཤེས་ཀྱི་འདུག ཟམ་སྣེར་བརྙན་ཕབ་འཕྲུལ་འཁོར་ཞིག་བཀལ་ཡོད་པ་ལས་ཁོང་ཚོའི་བརྒྱུད་རིམ་ཆ་ཚང་ཕབ་ལེན་བྱེད་ཀྱི་འདུག་ཅེས་འཁོད་ཡོད་པ་རེད།
         ང་ཚོ་དང་མཉམ་དུ་ཡོད་པའི་སྣེ་ཤན་པ་ཞིག་གིས“ཁོང་ཚོ་རྒྱལ་སྟོན་གྱི་དམག་གཟིགས་མཛད་སྒོའི་གྲ་སྒྲིག་བྱེད་ཀྱི་ཡོད་ཤས་ཆེ་ལ། ཡང་མིན་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་ཆེད་གྲ་སྒྲིག་བྱེད་ཀྱི་ཡོད་ཤས་ཆེ”ཞེས་གསལ་འགྲེལ་བྱས་བྱུང་།
         དུས་ཡུན་ཉིན་གསུམ་གྱི་ལྟ་སྐོར་བརྒྱུད་རིམ་ནང་སྲིད་གཞུང་ལས་ཁུངས་མདུན་གྱི་བདེ་སྲུང་ཉེན་ཟོན་སྲུང་སྐྱོབ་པ་ཕུད། རླངས་འཁོར་རུ་ཁག་དེ་ནི་ང་ཚོས་ལྷ་སའི་ཁྲོམ་གཞུང་དུ་མཐོང་བའི་དམག་ཕྱོགས་དང་འབྲེལ་བ་ཡོད་པའི་བྱ་བ་འབའ་ཞིག་དེ་རེད་འདུག
         ཟླ་8པར 《ཨོ་སི་ཁྲུ་ལི་ཡ་བའི་ཚགས་པར་གྱི་གཟའ་མཇུག་པར་གཞི་》དང་དེ་བཞིན་གསར་འགྱུར་སྒྲིག་གཞི་གདན་ཞུས་ལྟར་བོད་དུ་བཅར་འདྲིར་བསྐྱོད་ཅིང་། ད་ཐེངས་ཀྱི་ལྟ་སྐོར་བརྒྱུད་རིམ་ནང་གསར་འགོད་པར་སྲིད་གཞུང་དཔོན་རིགས་ཀྱིས་ཕེབས་རོགས་ཞུས་ཡོད་པ་རེད། ང་ཚོས་ལྟ་སྐོར་བྱེད་སའི་ཡུལ་མིའི་སྡོད་ཁང་དུ་ཀྲུང་གོའི་སྐབས་རིམ་བྱུང་གི་འགོ་ཁྲིད་མི་སྣ་སྟེ། མའོ་ཙེ་ཏུང་ནས་ཞིས་ཅིན་ཕིང་བར་གྱི་སྐུ་པར་བཀལ་འདུག
         ང་ཚོས་ལྷ་སར་ལྟ་སྐོར་ཉིན་གསུམ་བྱེད་རིང་ཉིན་ལྟར་ས་ཕྱོགས་ཁག་ནས་སླེབས་པའི་ཡུལ་སྐོར་བ་དང་གནས་མཇལ་བ་ཁྲི་སྟོང་མང་པོ་དེ་ཁུལ་དུ་ཡོང་བ་མཐོང་རྒྱུ་འདུག ང་ཚོས་ལོ་རྒྱུས་ཡུན་རིང་ལྡན་ལ་རྟེན་རྫས་ཀྱིས་ཕྱུག་པའི་ཕོ་བྲང་པོ་ཏ་ལ་སོགས་སུ་ལྟ་སྐོར་བྱས་པ་ཡིན། དེ་ཁུལ་དུ་མཐོང་ཐོས་བྱུང་བ་ལས། ལྷ་ས་གྲོང་ཁྱེར་རིམ་གྱིས་དེང་རབས་ཅན་གྱི་གྲོང་ཁྱེར་ཞིག་ཏུ་འགྱུར་བཞིན་ཡོད་པ་གསལ་པོ་རྟོགས་ཀྱི་འདུག
         ལྷ་ས་གྲོང་ཁྱེར་ནི་གློག་འོད་ཆེམ་ཆེམ་འཕྲོ་བའི་ཤར་རྒྱུད་མཚོ་འགྲམ་གྲོང་ཁྱེར་དང་མི་འདྲ་ལ། འདུ་འཛི་ཆེ་བའི་བརྒྱ་ཟོག་ཚོང་ཁང་མང་པོ་ཡང་མཐོང་རྒྱུ་མི་འདུག ཡིན་ནའང་དེ་ཁུལ་དུ་རྒྱ་ཆེའི་བའི་མྱུར་བགྲོད་གཞུང་ལམ་དང་། འཐུས་སྒོ་ཚང་བའི་འཕྲིན་གཏོང་བརྡ་རྟགས། གསར་དུ་བསྐྲུན་པའི་ཆུ་རགས། བསྐྲུན་མ་ཐག་པའི་ལུས་རྩལ་ཁང་། གཡག་རྟེན་མཛོད་གླིང་བཅས་འདུག་ལ། སྡོད་ཁང་འཛུགས་སྐྲུན་གྱི་ལས་གྲྭ་ཆེ་གྲས་ཀྱང་ལག་ལེན་བསྟར་བཞིན་ཡོད་པ་དང། ཉེ་ཁུལ་ཞིང་ཆེན་མཚོ་སྔོན་དུ་སྐྱོད་སའི་མེ་འཁོར་བབས་ཚུགས་ཀྱི་ཉེ་འགྲམ་དུ་ནུས་པ་ཆ་ཚང་བའི་གྲོང་ཁུལ་ཞིག་སྐྲུན་བཞིན་འདུག
         ཐལ་བས་འཚོས་པའི་གྲོང་ཁུལ་ཕྱི་རོལ་གྱི་མ་ལམ་དང་དེང་རབས་ཅན་གྱི་བཟོ་ལས་གླིང་འབྲེལ་ཡོད་པ་དང་། སྤྱི་ལེ་འགའ་ཞིག་མཚམས་སུ་གསར་དུ་བསྐྲུན་པའི་ཀྲུང་གོ་རྡོ་སྣུམ་སྣུམ་སྣོན་ས་ཚིགས་རེ་བཙུགས་འདུག
         ལྷ་ས་གྲོང་ཁྱེར་ནི་རྒྱ་གར་དང་ནེ་པ་ལའི་འདུ་འཛི་ཆེ་བ་དང་མི་འདྲ་བར་ཚོང་ཁང་གི་ཕྱིའི་བཀོད་པ་ལེགས་པོ་འདུག་ལ། ཚོང་ཁང་དེ་དག་གྲལ་སྟར་སྒྲིག་པོའི་ངང་དེང་རབས་ཅན་དང་སྲུང་སྐྱོང་ཡག་པོ་ཐུབ་པའི་ལམ་འགྲམ་དུ་གནས་འདུག ཚོང་ཁང་གི་སྒོ་བྱང་དུ་རྒྱ་བོད་ཡིག་རིགས་གཉིས་བྲིས་ཡོད་པ་དང་རྒྱ་ཡིག་ཡིག་འབྲུ་ཅུང་ཆེ་བ་འདུག
         ཀྲུང་གོ་སྲིད་གཞུང་གི་དཔོན་རིགས་ཀྱིས“ཕྱི་རྒྱལ་བས་བོད་དུ་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ཇི་བཞིན་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་འདི་ཁུལ་གྱི་མི་དམངས་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་འདོད་ཆེན་པོ་ཡོད”ཅེས་བཤད་བྱུང་།
         བོད་ལྗོངས་ནི་ཀྲུང་གོའི་ཁ་བྲལ་ཐབས་མེད་པའི་མངའ་ཁོངས་ཤིག་ཡིན་པས། ཀྲུང་གོ་སྲིད་གཞུང་གིས་དེ་ཁུལ་དུ་མ་དངུལ་ཐད་ནས་རོགས་སྐྱོར་དང་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་ཕུད། ད་དུང་དེ་ཁུལ་མི་དམངས་ལ་རྒྱུན་ཆད་མེད་པར་རིན་མེད་སློབ་གསོ་སོགས་ཀྱི་ཁ་གསབ་རོགས་དངུལ་སྤྲོད་པ་དང་རོགས་སྐྱོར་བྱེད་ཀྱི་ཡོད། མ་དངུལ་དེ་དག་གཙོ་བོ་པེ་ཅིང་གྲོང་ཁྱེར་དང་དར་རྒྱས་ཆེ་བའི་ཞིང་ཆེན་གཞན་དག་ནས་བྱུང་བ་ཞིག་ཡིན་པས། དེ་ཁུལ་གྱི་འགྲོ་ལམ་མང་དག་ཅིག་ལ་བོད་ལྗོངས་འཕེལ་རྒྱས་ལ་མ་དངུལ་ཐད་ནས་རོགས་སྐྲུན་བྱེད་མཁན་ཞིང་ཆེན་གྱི་མིང་བཏགས་འདུག
         འདི་ལོ་ཀྲུང་གོའི་དཔལ་འབྱོར་འཕར་འགོར་དུ་ཕྱིན་ནས་ལོ་རེར་ཆ་སྙོམས་འཕར་ཚད་7%ཆག་ཡོད། ཡིན་ནའང་ལོ་བཅུ་ལྷག་ཙམ་རིང་བོད་ཀྱི་དཔལ་འབྱོར་སྔ་བར་ཕྱི་གསུམ་དུ་ལོ་རེར་འཕར་ཚད་10%ལས་མཐོ་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།
         བོད་དུ་གཏེར་རྫས་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། བཟོ་ལས་ཐད་ཆུ་གློག་དང་ཉི་ནུས་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་འདུག ཡིན་ནའང་བོད་ཀྱི་དཔལ་འབྱོར་འཕར་ཤུགས་ཐད་སྔར་བཞིན་ལྗོངས་ཕྱི་རོལ་གྱི་མ་དངུལ་ལས་ཕན་པ་ཐོབ་བཞིན་ཡོད། གཞུང་ཁོངས་ཁེ་ལས་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པས་རླུང་ནུས་དང་ཉི་ནུས་ལ་མ་དངུལ་ཨ་སྒོར་དུང་ཕྱུར་30(ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱུར་191ཟིན་པ)བཏང་ཡོད་པ་རེད།
         2006ལོར་ཤར་གཏོང་ཐུབ་པའི་མཚོ་བོད་ལྕགས་ལམ་གྱིས་བོད་དང་ཀྲུང་གོའི་ས་གནས་ཁག་འབྲེལ་གཏུག་བྱ་རྒྱུར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ཅིང་། ད་ཆ་བོད་དུ་གནམ་ཐང་ལྔ་ཡོད་པ་དང་ན་ནིང་ཡུལ་སྐོར་བ་ཁྲི་1500ལྷག་ཙམ་བོད་དུ་ཡུལ་སྐོར་དུ་བསྐྱོད་པ་དེ་2013ལོ་ལས་20%འཕར་ཡོད་པ་རེད།
         ང་ཚོ་དང་མཉམ་དུ་ཡོད་པའི་བོད་ལྗོངས་ཆ་འཕྲིན་ཞབས་ཞུ་སྡེ་ཚན་གྱི་དཔོན་རིགས་འཇིགས་མེད་དབང་འདུས་ཀྱིས་དགོང་ཟས་ཟ་སྐབས་བོད་རིགས་སྐྱེས་པ་དེས་ང་ཚོར་རང་ཉིད་ཀྱི་གཏམ་རྒྱུད་གླེང་བྱུང་།
         ཁོང་གི་ཕ་མ་གཉིས་ཀ་ས་སྐྱེས་རྡོ་སྐྱེས་ཀྱི་ཞིང་པ་ཞིག་ཡིན་པ་དང་ཡི་གེ་མི་ཤེས་པའི་དབུལ་པོ་ཞིག་རེད། བོད་དུ་ཞི་བས་བཅིངས་འགྲོལ་མ་བཏང་གོང་དབུལ་པོ་ཚང་མ་ཞིང་བྲན་རེད། ཡིན་ནའང་ད་ཆ་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་ཆུ་ཚད་དེ་བས་མཐོ་བའི་འཚོ་བར་རོལ་བཞིན་ཡོད་པ་དང་། རྒྱལ་ཁབ་ཀྱིས་སློབ་གསོར་རྒྱབ་སྐྱོར་ཤུགས་ཆེན་བྱས་པས་ཁོང་ཚོར་ཕན་པ་ཆེན་པོ་ཐོབ་ཡོད།
         གསལ་བཤད་བྱེད་དགོས་པ་ཞིག་ལ་བོད་ལྗོངས་དེང་རབས་ཅན་དུ་འགྱུར་བཞིན་ཡོད་པ་དང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཇེ་ཆེར་འགྲོ་བཞིན་ཡོད་ཅིང་སྔོན་ཆད་ཀྱི་འཚོ་བ་སྐྱོ་པོ་སྐྱེལ་མཇུག་འགྲིལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།