འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་པ་ལ་མང་ཚོགས་མང་པོས་རོགས་ལས་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་21ཉིན། 16:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ལྕགས་གཤོང་ནང་དཀར་རག་སྲུབ་དཀྲུག་བྱེད་པ།
    ལྕགས་གཤོང་ནང་དཀར་རག་སྲུབ་དཀྲུག་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ལོ་རེའི་ཆར་དུས་འདས་རྗེས་ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་པའི་དུས་སླེབས་པ་རེད། འདི་ལོའི་ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་འགོ་ནི་བོད་རྩིས་ཀྱི་ཟླ་9ཚེས་6ཉིན་ནས་འགོ་བརྩམས་པ་དང་། ཟླ་ཕྱེད་ཙམ་བྱས་རྗེས་ད་གཟོད་མཇུག་སྒྲིལ་ཐུབ། ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་ཉམས་གསོ་ཁང་གི་འགོ་འཛིན་གཞོན་པ་གཡུ་མདས་ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་པའི་དུས་ཚོད་ནི་ལོ་རེའི་བོད་རྩིས་ཀྱི་ཟླ་དགུ་པར་ཡིན་ཞིང་། བོད་རྩིས་ཀྱི་ཟླ་9ཚེས་22ཉིན་གྱི་གོང་དུ་ངེས་པར་ལེགས་འགྲུབ་བྱེད་དགོས་པ་རེད། དེའི་རྒྱུ་མཚན་ནི་བོད་རྩིས་ཀྱི་ཟླ་9ཚེས་22ཉིན་ནི་ལྷ་བབས་དུས་ཆེན་ཡིན། ངག་རྒྱུན་དུ་ཉིན་འདི་ལ་ལྷ་མི་ཡུལ་དུ་ཕེབས་པ་དང་། དུད་ཁྱིམ་སུ་ཚང་གི་གྱོང་ངོས་ཀྱི་དཀར་རག་བྱུགས་པ་ལེགས་ཤོས་ཡིན་ན་དེ་ཚང་ལ་བཞུགས་སྲིད་ཅེས་པའི་བཤད་སྲོལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         ཕོ་བྲང་པོ་ཏ་ལར་ལོ་རེ་ལ་དཀར་རག་ཐེངས་རེ་བྱུགས་པ་ནི་གཙོ་བོ་བཟོ་སྐྲུན་དེ་ཉིད་སྲུང་སྐྱོང་བྱེད་ཆེད་ཡིན། ཆར་དུས་འདས་རྗེས་ཆར་པས་ཕོ་བྲང་པོ་ཏ་ལའི་རྩིགས་ངོས་ཀྱི་ས་སོགས་སོབ་སོབ་ཏུ་འགྱུར་བར་བྱས་ཡོད་པ་དང་། ཤིང་གི་རྒྱུ་ཆ་དག་ལ་འབུ་རྒྱག་པ་དང་རུལ་སླ་བར་གྱུར་ཡོད་པ་རེད། ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་པ་དེ་བཟོ་སྐྲུན་གཞན་དག་དང་མི་འདྲ་ས་ཞིག་ནི་ཕོ་བྲང་པོ་ཏ་ལར་བྱུགས་པའི་དཀར་རག་གི་ནང་ལ་འོ་མ་དང་། ཕྱེ་མ་ཀ་ར་། ཤེལ་ཀ་ར། སྦྲང་རྩི། ཀ་ར་ནག་པོ་སོགས་བསྲེ་དགོས་པ་དང་། གཞན་ད་དུང་ཁ་ཆེ་ཀུར་གུམ་ཡང་བསྲེ་དགོས་ཤིང་། ཀུར་གུམ་བསྲེས་རྗེས་དཀར་རག་ནང་གི་དྲི་ངན་མེད་པར་འགྱུར་བ་རེད།
         ངོ་སྤྲོད་བྱས་པ་ལྟར་ན། ཕོ་བྲང་པོ་ཏ་ལར་བྱུགས་པའི་དཀར་རག་གི་རྒྱུ་ཆ་གཙོ་བོ་ནི་རྡོ་ཐལ་དཀར་པོ་ཡིན་ཞིང་། དེ་ནི་བོད་ལྗོངས་འདམ་གཞུང་རྫོང་གི་ཡངས་པ་ཅན་ནས་ཐོན་པ་དང་། དེ་ལ་ལྷད་བསྲེས་མེད་ལ། ཞིབ་ཅིང་འཇམ་པོ་ཡིན་པ་དང་། འབྱར་ཤུགས་ཆེ་བ། སྐམ་སླ་བ། ཆར་ཆུ་དང་ཉི་འོད་ལས་བརླག་སླ་བ་མིན་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་རེད།
         དཀར་རག་བྱུགས་དུས་ཕོ་བྲང་དཀར་པོ་ནས་འགོ་བརྩམས་པ་དང་། དེ་ནས་རིམ་བཞིན་དམར་པོ་དང་སེར་པོ་སོགས་བྱུགས་ཤིང་། མཐའ་མར་སྒེའུ་ཁུང་གི་མཐའ་སྒྲོམ་ལ་ནག་པོ་བྱུགས། དཀར་པོ་དང་། དམར་པོ། སེར་པོ། ནག་པོ་བཅས་ཀྱི་ཁ་དོག་བཞི་ལས་སོ་སོར་མཚོན་དོན་མི་གཅིག་པ་ཡོད་ཅིང་། དེའི་ནང་དམར་པོས་དབང་གྲགས་མཚོན་པ་དང་། སེར་པོས་དར་རྒྱས་གོང་འཕེལ་མཚོན་པ། དཀར་པོས་ཞི་བདེ་མཚོན་པ། ནག་པོས་བགེགས་བསྐྲད་པ་དང་བརྗིད་ཉམས་མཚོན་པ་བཅས་རེད།
         ལོ་རེའི་ཕོ་བྲང་པོ་ཏ་ལར་དཀར་རག་བྱུགས་པའི་དུས་སྐབས་སླེབས་དུས། ཉེ་འཁོར་གྱི་དད་ལྡན་མང་ཚོགས་ཚོ་རང་འགུལ་ངང་རོགས་ལས་གནང་བར་ཡོང་བ་དང་། མང་ཚོགས་མང་པོས་ད་དུང་འོ་མ་སྐྱེལ་ཡོང་ནས་དཀར་རག་ནང་འཇོག་གི་ཡོད། ལོ་སྔོན་མའི་ཉམས་མྱོང་ལྟར་ན། འདིའི་ལོའི་དཀར་རག་བྱུགས་པའི་ལས་ཀ་རྒྱུན་མཐུད་ངང་སྤེལ་བ་དང་ཆབས་ཅིག་ཏུ་རོགས་རམ་གནང་བར་ཡོང་མཁན་ཉིན་རེ་བཞིན་མང་དུ་འགྲོ་སྲིད་ཅིང་། དེའི་ནང་སྐྱེས་པ་ཚོས་དཀར་རག་སྲུབ་དཀྲུག་དང་བྱུགས་པའི་ལས་ཀ་བྱེད་ཅིང་། བུད་མེད་ཚོས་དཀར་རག་སྐྱེལ་འདྲེན་སོགས་ཀྱི་ལས་བྱེད་ཀྱི་ཡོད་པ་རེད།
    ལོ་63ལ་སོན་པའི་རོགས་ལས་གནང་མཁན་རྡོ་རྗེ།
    ལོ་63ལ་སོན་པའི་རོགས་ལས་གནང་མཁན་རྡོ་རྗེ།
    ཕྱི་རྩིགས་ཀྱི་གྱང་ངོས་སུ་དཀར་རག་བྱུགས་པ།
    ཕྱི་རྩིགས་ཀྱི་གྱང་ངོས་སུ་དཀར་རག་བྱུགས་པ།
    སྒེའུ་ཁུང་གི་འགྲམ་དུ་དཀར་རག་བྱུགས་པ།
    སྒེའུ་ཁུང་གི་འགྲམ་དུ་དཀར་རག་བྱུགས་པ།
    ལྡུག་ཚགས་ནས་དཀར་རག་ལྡུག་པ།
    ལྡུག་ཚགས་ནས་དཀར་རག་ལྡུག་པ།
      

    ཕྱོགས་བསྡུས་གསར་འགྱུར།