འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་
    དྲན་གསོ་ཞུ་བའི་ཆོས་ལུགས་ལས་རིགས་ཀྱི་ཞི་བདེའི་སྨོན་ལམ་
    བྱེད་སྒོ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་06ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བའི་ཆོས་ལུགས་ལས་རིགས་ཀྱི་ཞི་བདེའི་སྨོན་ལམ་བྱེད་སྒོ་པེ་ཅིང་དུ་འཚོགས་པ་རེད།
         ཚེས་4ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཆི་ཤུས་ཁྲུན་གྱིས་ཞི་བདེའི་སྨོན་ལམ་བྱེད་སྒོའི་ནང་ཞུགས་མཁན་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་མཇལ་འཕྲད་གནང་བ་རེད།
         ད་ཐེངས་ཀྱི་ཞི་བདེའི་སྨོན་ལམ་བྱེད་སྒོ་དེ་ཀྲུང་གོ་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ལྷན་གྱིས་གྲོས་འགོ་བཏོན་པ་དེར་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་བརྡ་ལན་ཧུར་ཐག་ཞུས་ཡོད། ཀྲུང་གོ་ནང་བསྟན་ཆོས་ལུགས་དང་། ཏའོ་ཅའོ་ཆོས་ལུགས། དབྱི་སི་ལམ་ཆོས་ལུགས། གནམ་བདག་ཆོས་ལུགས། ཡེ་ཤུའི་ཆོས་ལུགས་བཅས་ཚང་མས་བྱེད་ཐབས་སྣ་ཚོགས་ཀྱི་དྲན་གསོའི་བྱེད་སྒོ་སྤེལ་ཡོད། ཀྲུང་གོ་ཆོས་ལུགས་ལས་རིགས་ཞི་བདེ་ཨུ་ལྷན་གྱིས་《ཀྲུང་གོའི་ཆོས་ལུགས་ལས་རིགས་ཀྱི་ཞི་བདེའི་བསྒྲགས་ཡིག་》ཁྱབ་བསྒྲགས་བྱས་ཏེ་ཀྲུང་གོའི་ཆོས་ལུགས་ལས་རིགས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ནས་རྒྱལ་ཁབ་ཁག་གི་ཆོས་ལུགས་ལས་རིགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་འཛམ་གླིང་ཡུན་རིང་ཞི་བདེ་ཡོང་རྒྱུ་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་འདུན་པ་མཚོན་པ་བྱས་པ་རེད།
         ཚེས་4ཉིན་གྱི་སྔ་དྲོར་ནང་བསྟན་ཆོས་ལུགས་ལས་རིགས་དང་ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱིས་པེ་ཅིང་གི་ལུང་ཆོན་དགོན་པ་དང་པའེ་ཡུན་ཀོན་དུ་ཞི་བདེའི་སྨོན་ལམ་གྱི་བྱེད་སྒོ་སྤེལ་བ་དང་། མཚོ་འགག་ངོགས་གཉིས་དང་ཤང་ཀང་དང་ཨའོ་མོན་ས་ཁུལ་ནས་ཡོང་བའི་ནང་བསྟན་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཕེབས་ཡོད། བྱེད་སྒོའི་ནང་ཞུགས་མཁན་གྱི་འཐུས་མི་ཚོས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ནང་རྐྱེན་ལམ་དུ་ཤོར་མཁན་ལ་མཆོད་འབུལ་ཞུས་པ་དང་། བཙན་འཛུལ་ལ་འགོག་རྒོལ་དང་རང་བཙན་རང་དབང་བརྩོན་ལེན་བྱ་ཆེད་རང་སྲོག་ལེགས་སྐྱེས་སུ་ཕུལ་མཁན་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་མ་ཟད། མེས་རྒྱལ་གྱི་ཞི་བདེ་གཅིག་གྱུར་དང་། དྲ་རྒྱས་འབྱོར་ཕྱུག མི་དམངས་བདེ་ལ་འཁོད་པ་བཅས་ཡོང་རྒྱུའི་སྨོན་འདུན་ཞུས་པ་དང་འབྲེལ་འཛམ་གླིང་ཡུན་རིང་ཞི་བདེ་ཡོང་རྒྱུའི་སྨོན་ལམ་ཡང་བཏབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།