འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྨན་བཅོས་ལག་རྩལ་གྱི་འོད་སྣང་ཕ་ལམ་འབྱུང་གནས་རྒྱལ་ཁབ་ཏུ་ལྷམ་མེར་འཕྲོ་བ། 

    —— པོ་ཚི་ཝ་ནར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
           “ཕོ་གསར་ཁྱེད་ཚོ་དངོས་འབྲེལ་གྱོང་པོ་འདུག”སྐར་མ་90ཡི་རིང་། ཛ་དྲག་ཆེ་བའི་འཕར་རྩ་དང་ཁྲག་རྩའི་འཛག་སྦུབས་ཀྱི་གཤག་བཅོས་བྱས་རྗེས། གཤག་བཅོས་ཁང་ནང་གི་པོ་ཚི་ཝ་ནའི་ནད་སྐྱོང་བ་ཚང་མས་དགའ་ཚོར་ཆེན་པོའི་སྒོ་ནས་མཐེ་བོང་བསྒྲེངས་ཏེ་ཀྲུང་གོའི་སྨན་པ་གསུམ་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
          “ཕོ་གསར་གྱོང་པོ”གསུམ་པོ་ནི་པོ་ཚི་ཝ་ནར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་རུ་མི་ཡིན་པ་དང་། མིང་ལ་ཁྲེན་ཚའེ་མིང་དང་། ཆིའུ་ཧྭ་ཅི། ཁྲེན་ཀྲི་ཧྥུན་བཅས་ཟེར་བའི་ཕོ་གསར་གསུམ་པོ་ནི་ཧྥུའུ་ཅན་ནས་ཡིན་པ་དང་། ཁོང་ཚོའི་ཆེད་ལས་ནི་སོ་སོར་མཁལ་མའི་ཁོག་ནད་ཚན་ཁག་དང་། རུས་ནད་ཚན་ཁག རྒྱུ་མའི་ཕྱི་ནད་ཚན་ཁག་བཅས་རེད། ད་རེས་ཁོང་ཚོས་རྒྱལ་ས་ཀ་པོ་རོ་ནེར་སྲས་མོ་མཱ་ལི་ནའི་སྨན་ཁང་དུ་འཕར་རྩ་དང་ཁྲག་རྩའི་འཛག་སྦུབས་ཀྱི་གཤག་བཅོས་ལེགས་སྒྲུབ་བྱས་པ་དེ་ནི་གསར་གཏོད་གལ་ཆེན་ཞིག་རེད། དེ་གོང་པོ་ཚི་ཝ་ནའི་རྒྱལ་ཡོངས་སུ་གཤག་བཅོས་དེ་རིགས་བྱེད་ཐུབ་མཁན་གྱི་སྨན་པ་མེད་སྟབས་ནད་པ་ཚོ་གོམས་སྲོལ་ལྟར་ལྷོ་ཨ་ཧྥེ་རི་ཁར་སྨན་བཅོས་བྱེད་པར་སྐྱོད་ཀྱི་ཡོད།
         ནད་པའི་ནད་གཞི་ཚབས་ཆེ་བ་དང་སྨན་ཁང་བརྗེ་སྒྱུར་གྱི་འགྲོ་ལུགས་གཉེར་བར་རྙོག་དྲ་ཆེན་པོ་ཡོད་པར་བསམ་གཞིགས་བྱས་ནས། སྔོན་ཆད་ནད་པ་འགའ་ཞིག་ཐ་ན་ལོ་1ཙམ་སོང་རྗེས་གཞི་ནས་སྨན་ཁང་བརྗེ་སྒྱུར་ཐུབ་ཀྱི་ཡོད། ཀྲུང་གོའི་སྨན་པ་གསུམ་པོས་ཞིབ་འཇུག་ཞིབ་ཚགས་བྱས་རྗེས་སྲས་མོ་མཱ་ལི་ནའི་སྨན་ཁང་དུ་གཤག་བཅོས་བྱས་པ་དང་། གཤག་བཅོས་ཧྲིལ་པོ་བདེ་བླག་བྱུང་ནས་གཤག་བཅོས་བྱེད་རིང་དང་གཤག་བཅོས་བྱས་རྗེས་ཀྱི་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།
         སྨན་ཁང་གི་མཁལ་མའི་ཁོག་ནད་ཚན་ཁག་གི་འགན་འཁུར་བ་ཞེ་ཧོ་ཡིས། “གཤག་བཅོས་དེ་རིགས་ལེགས་གྲུབ་བྱུང་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། གཤག་བཅོས་དེ་ཁོ་ནར་སྲིད་གཞུང་ལ་ཕུའུ་ལཱ་ཁྲི་20(ཧ་ལམ་ཨ་སྒོར་ཁྲི་2དང་མཚུངས)ཡི་འགྲོ་གྲོན་གྲོན་ཆུང་ཐུབ་པ་དང་ཆབས་ཅིག་ང་ཚོའི་རྒྱལ་ཁབ་ཀྱི་གཤག་བཅོས་དེ་རིགས་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་སྨན་པའི་རོགས་སྐྱོར་དེ་ནི་རྡོ་རྗེ་ཕ་ལམ་ལས་ལྷག་པ་ཞིག་རེད”ཅེས་བཤད།
          པོ་ཚི་ཝ་ན་ནི་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་དུ་གནས་པ་དང་དེ་ནི་གོ་ལ་ཧྲིལ་པོར་ཨེ་ཙི་ནད་འགོས་ཚད་མཐོ་ཤོས་ཀྱི་རྒྱལ་ཁབ་གྲས་ཤིག་རེད། ཀྲུང་གོས་1981ལོ་ནས་བཟུང་པོ་ཚི་ཝ་ནར་སྨན་བཅོས་རུ་ཁག་མངགས་གཏོང་བྱས་པ་དང་། ད་བར་ཁག་15ལ་ཁྱོན་མི་ཐེངས་464ཟིན་པའི་སྨན་དོན་མི་སྣ་མངགས་གཏོང་བྱས་ཡོད། ཁོང་ཚོས་རྩེར་སོན་གྱི་སྨན་བཅོས་ལག་རྩལ་སྤྱད་པར་ས་གནས་དེ་གའི་སྲིད་གཞུང་དང་མང་ཚོགས་ཚོའི་ཡིད་ཆེས་བརྩི་འཇོག་ཐོབ་པ་མ་ཟད། དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་ཚད་བརྒལ་རེ་རེ་བཞིན་བྱུང་ནས་སྨན་བཅོས་རོགས་སྐྱོར་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་ཡོད།
          མིག་སྔར་པོ་ཚི་ཝ་ནར་སྨན་བཅོས་རོགས་སྐྱོར་གྱི་ལས་འགན་སྒྲུབ་བཞིན་པའི་སྨན་བཅོས་རུ་ཁག་ཁག་15པར་ཁྱོན་རུ་མི་46ཡོད་ཅིང་། པོ་ཚི་ཝ་ནའི་སྨན་བཅོས་བརྗེ་སྒྱུར་གྱི་སྨན་ཁང་ཆེ་ཤོས་གཉིས་སུ་བཅའ་སྡོད་བྱས་ཡོད་པ་སྟེ། རྒྱལ་ས་ཀ་པོ་རོ་ནེའི་སྲས་མོ་མཱ་ལི་ནའི་སྨན་ཁང་དང་གྲོང་ཁྱེར་ཨང་གཉིས་པ་ཧྥེ་ལང་ཞི་སི་ཏུན་གྱི་ཡང་ཅཱ་ཀུའེ་སྨན་བཅོས་བརྗེ་སྒྱུར་སྨན་ཁང་ཡིན་པ་རེད།
         འདི་ལོ་ནི་ཁྲེན་ལེ་ཕིང་གིས་རོགས་སྐྱོར་སྨན་བཅོས་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་བའི་ལོ་3པ་དེ་ཡིན་ཞིང་། ཁོང་གིས“སྨན་བཅོས་རོགས་སྐྱོར་བྱེད་པར་ཉིན་ལྟར་འཕྲལ་དུ་སྨན་བཅོས་བྱེད་དགོས་པའི་ནད་པ་ཐུག་གི་ཡོད། ང་ཚོས་དངོས་དངོས་རྗེན་རྗེན་ངང་རོགས་སྐྱོར་བྱས་པས་ས་གནས་དེ་གའི་མང་ཚོགས་ཚོའི་ཡིད་ཆེས་ཐོབ་པ་དང་། དེ་ནི་ཀྲུང་པོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་ལྷག་བསམ་རྣམ་དག་ངང་ཕན་ཚུན་ཡིད་ཆེས་ཟབ་ཏུ་འགྲོ་བའི་རྨང་གཞི་ཞིག་ཡིན”ཞེས་བཤད།
         པོ་ཚི་ཝ་ནའི་རྒྱལ་ཁབ་དེར་འབྲས་སྐྲན་ཆེད་བཅོས་ཚན་ཁག་གི་སྨན་པ་གཅིག་ལས་མེད་པ་དེ་ནི་རྒྱལ་སའི་སྲས་མོ་མཱ་ལི་ནའི་སྨན་ཁང་དུ་ལས་ཀ་བྱེད་ཀྱི་ཡོད། ཡང་ཅཱ་ཀུའེ་སྨན་ཁང་དུ་ཞབས་འདེགས་ཞུ་བཞིན་པའི་ཀྲུང་གོའི་སྨན་བཅོས་རུ་མི་ཧོའུ་ཕེ་ཧྥུང་ནི་བྱང་རྒྱུད་ས་ཁུལ་གྱི་འབྲས་སྐྲན་ཆེད་བཅོས་ཚན་ཁག་གི་སྨན་པ་འབའ་ཞིག་དེར་གྱུར་པ་དང་། ཁོང་གིས “རང་ཉིད་ཀྱིས་རྒྱལ་ཁབ་ས་ཆ་ཕྱེད་ཀ་ཙམ་གྱི་འབྲས་སྐྲན་གྱི་ནད་ཕོག་པའི་ནད་པར་སྨན་བཅོས་བྱེད་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་རྒྱུ་བྱུང་ཡོང་བསམ་བསམ་མེད”ཅེས་བཤད།
         ཟླ་4ཚེས་2ཉིན། འབྲས་སྐྲན་ཚན་ཁག་གིས་ཁཱ་པོ་ཧྲིའི་ཤ་འབུར་སྐྱེས་པའི་HIVཡི་ནད་པ་ཞིག་སྨན་བཅོས་དང་ལེན་བྱས་པ་དང་། སྨན་ཁང་དུ་འཛུལ་སྐབས་ནད་པ་དེའི་གློ་བའི་འགོས་ནད་ཚབས་ཆེན་ཕོག་ཡོད། ཧོའུ་ཕེ་ཧྥུང་གིས་ཚན་ཁག་ཁག་གི་སྨན་པ་དང་མཉམ་འབྲེལ་ཐོག་ལྷན་འཛོམས་ནད་དཔྱད་དང་མཉམ་འབྲེལ་ཐོག་སྨན་བཅོས་བྱས་ནས་གཟའ་འཁོར་གཉིས་རིང་གཉན་འཇོམས་སྨན་བཅོས་བྱས་པ་བརྒྱུད་ནད་པའི་གནས་ཚུལ་བརྟན་ལྷིང་བྱུང་ནས་སྨན་ཁང་ནས་དོན་ཏེ་འབྲས་སྐྲན་མགྱོགས་པོ་མཆེད་འགྲོ་བ་བཀག་འགོག་ནུས་ལྡན་ཐུབ་ཡོད་པ་རེད།
         ཧོའུ་ཕེ་ཧྥུང་གིས་ཉེན་ཁ་ཧ་ཅང་ཆེ་བའི་ནད་པ་དེ་རིགས་དང་འདྲ་བ་མང་པོ་ཞིག་ནི་དུས་ཐོག་ཏུ་ནད་གཞི་བརྟག་དཔྱད་དང་སྨན་བཅོས་བྱ་རྒྱུ་མ་བྱུང་བའི་རྐྱེན་གྱིས་ནད་གཞི་ཚབས་ཆེ་རུ་ཕྱིན་པས་རེད། འབྲས་སྐྲན་ཕོག་པའི་ནད་པའི་དུས་ཚོད་སྐར་མ་རེ་རེ་ནི་དངོས་འབྲེལ་ཧ་ཅང་རྩ་ཆེན་རེད། ང་ཚོས་འདི་གར་ཁོང་ཚོར་ནད་གདོན་དང་འཐབ་རྩོད་བྱེད་རོགས་བྱེད་ཀྱི་ཡོད་ཅེས་བཤད།
         ཡང་ཅཱ་ཀུའེ་སྨན་ཁང་གི་སྨན་དོན་མི་སྣས“ཀྲུང་གོའི་སྨན་བཅོས་རུ་ཁག་གི་རོགས་སྐྱོར་ལས་སྨན་ཁང་མང་པོ་ཞིག་གི་གནད་དོན་ཐག་གཅོད་བྱུང་བ་དང་། དེ་ནི་པོ་ཚི་ཝ་ནའི་ནད་པའི་བདེ་སྐྱིད་ཅིག་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།