འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ཨེ་ཤེ་ཡའི་ཕག་པའི་རིམས་ནད་འགོག་བཅོས་ལས་དོན་ཕྱོགས་ཡོངས་ནས་
    བཀོད་སྒྲིག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་ཧྲེན་པེ་ཁུལ་གསར་གྱི་ཕག་པར་ཨེ་ཤེ་ཡའི་རིམས་ནད་ཕོག་པའི་གནས་ཚུལ་ཐོན་ཡོད། དེ་ནི་རང་རྒྱལ་དུ་ཨེ་ཤེ་ཡའི་ཕག་པའི་རིམས་ནད་ཐོན་ཐེངས་དང་པོ་དེ་རེད། ཟླ་8ཚེས་7ཉིན་ཞིང་ལས་དང་གྲོང་གསེབ་པུས་ཨེ་ཤེ་ཡའི་ཕག་པའི་རིམས་ནད་འགོག་བཅོས་ལས་དོན་གྱི་རྒྱལ་ཡོངས་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རིམས་ནད་ཐོན་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཞིང་ལས་དང་གྲོང་གསེབ་པུས་དུས་ཐོག་ཏུ་ལས་དོན་ཚོགས་ཆུང་ཧྲེན་དབྱང་དུ་བཏང་སྟེ་རིམས་ནད་ཐག་གཅོད་ལས་དོན་ལ་མཛུབ་ཁྲིད་བྱས་པ་དང་འབྲེལ། སྤྱི་ཚོགས་ལ་ཨེ་ཤེ་ཡའི་ཕག་པའི་རིམས་ནད་Ⅱརིམ་པའི་སྔོན་ཚུད་ཉེན་བརྡ་བཏང་བ་རེད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་མིག་སྔའི་བར་རིམས་ནད་ས་ཚིགས་དང་རིམས་ནད་ཁུལ་ནང་གི་ཕག་པ་ཚང་མ་གསོད་པའི་ལས་ཀ་ཚར་བས་རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་ཡོད་པ་རེད།
         རང་རྒྱལ་གྱིས་ཨེ་ཤེ་ཡའི་ཕག་པའི་རིམས་ནད་མ་ཁྱབ་གོང་བསམ་བློ་དང་། སྲིད་ཇུས། ལག་རྩལ་བཅས་ཀྱི་ཐད་ནས་ཡུན་རིང་དང་ཏན་ཏིག་གི་གྲ་སྒྲིག་ལས་དོན་སྤེལ་ཞིང་། ཚོགས་འདུའི་ཐོག་སླད་ཕྱིན་གྱི་དུས་མཚམས་ཤིག་ནང་ཨེ་ཤེ་ཡའི་ཕག་པའི་ཐོལ་བྱུང་རིམས་ནད་འགོག་བཅོས་ཀྱི་བྱེད་ཐབས་ནི། “འགོ་ཁྲིད་ལ་ཤུགས་སྣོན་དང་། གཞོགས་འདེགས་དམ་ཟབ། ཚན་རིག་ལ་བརྟེན་པ། ཁྲིམས་ལྟར་འགོག་བཅོས། མཉམ་འགོག་དང་མཉམ་དུ་ཚོད་འཛིན། འཕྲལ་ཐག་ཆོད་པོས་ཐག་གཅོད”བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཕྱོགས་ལག་བསྟར་བྱས་ཏེ། མཐའ་མཚམས་ནས་འགོག་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འགོག་སྲུང་འཛིང་རགས་དང་པོ་ནན་པོ་སྲུང་དགོས་པ་དང་། གྲལ་བཤེར་བྱེད་རྒྱ་ཆེ་རུ་གཏོང་བ་དང་། སྔ་ཙམ་ཤེས་རྟོགས། མགྱོགས་མྱུར་བྱ་སྤྱོད་སྤེལ་བ། ཐག་གཅོད་ནན་པོ། རྩ་མེད་བཟོ་བ། མགྱོགས་མྱུར་སླར་གསོ་བཅས་བྱས་ཏེ་རྒྱལ་ཡོངས་སུ་རིམས་ནད་མེད་པའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
         ཚོགས་འདུའི་ཐོག ད་དུང་ས་གནས་ཁག་གིས་འགག་རྩའི་བྱེད་ཐབས་དོན་འཁྱོལ་ལས་དོན་ཡག་པོ་བསྒྲུབས་ཏེ་ཕྱོགས་ཡོངས་ནས་ལྟ་བཤེར་གྲལ་བཤེར་ལག་བསྟར་དང་འཕྲལ་སྡོམ་ཐག་གཅོད་ལ་ཤུགས་སྣོན། ཁྲིམས་འཛིན་ལ་ལྟ་སྐུལ་ནན་པོ། ཚན་རིག་ཁྱབ་གདལ་དང་དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཚན་རྩལ་འདེགས་སྐྱོར་དང་ཕྱུགས་ནད་སྨན་པ་དང་སྨན་རྫས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྡེ་ཚན་དབར་གྱི་མཉམ་ལས་མཉམ་འགོག་དང་མཉམ་དུ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་ཚོད་འཛིན་གྱི་མཉམ་ཤུགས་ཆགས་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲེན་གྱིས་ས་གནས་ཁག་གིས་བསམ་བློའི་ངོས་འཛིན་གཅིག་གྱུར་དང་། ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་དོན་འཁྱོལ། མཉམ་འགོག་དང་མཉམ་དུ་ཚོད་འཛིན་པའི་ལམ་སྲོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཨེ་ཤེ་ཡའི་ཕག་པའི་རིམས་ནད་གང་མགྱོགས་རྩ་མེད་བཟོས་ཏེ་ཕག་ཤའི་ཐོན་ལས་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།