འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཤང་ཀང་གི་གཞོན་ནུས་ཐང་ག་བཞེངས་རྩལ་སྦྱོང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    དགེ་རྒན་ཆེན་མོ་སྙིང་འབུམ་ལགས་ཀྱི་བརྩམས་ཆོས་ལ་པར་ལེན་བཞིན་པ།
    དགེ་རྒན་ཆེན་མོ་སྙིང་འབུམ་ལགས་ཀྱི་བརྩམས་ཆོས་ལ་པར་ལེན་བཞིན་པ།
            མི་དམངས་དྲ་བའི་འཕྲིན། “རས་གཞི་བརྡར་བ་དང་ཚོན་རྒྱག་པ། མདངས་རྒྱག་པ་སོགས་ཀྱི་གོ་རིམ་དག་ནི་ཅི་འདྲའི་ཞིབ་ཚགས་པ་ཞིག་རེད། ལོ་མང་པོའི་སློབ་སྦྱོང་གི་ཉམས་ལེན་དང་སྦྱོང་བརྡར་བྱས་རྗེས་གཞི་ནས་ཧ་ཅང་ངོ་མཚར་ཆེ་བའི་ཐང་ག་ཞིག་འབྲི་ཐུབ་རྒྱུ་རེད” ཤང་ཀང་ཆིན་ཧུའེ་སློབ་ཆེན་སྒྱུ་རྩལ་ཚན་ཁག་གི་སློབ་ཐོན་སློབ་མ་ཅང་ཡུས་དབྱི་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཐང་ག་བཞེངས་རྒྱུ་ནི་རང་ཉིད་ཀྱི་བསམ་ཡུལ་ལས་འདས་པའི་དཀའ་ངལ་ཆེན་པོ་འདུག་ཅེས་བརྗོད་ཡོད།
            “2018ལོར་ཐང་གའི་གླིང་ག་སྟེ་དམའ་རིམ་ལྷ་བཟོ་བའི་ནང་སར་དངོས་སྦྱོང་འཆར་གཞི”ཟླ་7ཚེས་7ཉིན་མཚོ་སྔོན་ཞིང་ཆེན་རེབ་གོང་རྫོང་དུ་སྤེལ་འགོ་ཚུགས་ཤིང་། ཤང་ཀང་ནས་ཡོང་བའི་སློབ་མ་13རེབ་གོང་རྫོང་གི་རེབ་གོང་སྒྱུ་རྩལ་གླིང་དུ་དུས་ཡུན་ཉིན་40ཡི་ཐང་གའི་བཟོ་རྩལ་སློབ་སྦྱོང་སྤེལ་འགོ་བརྩམས་ཤིང་། ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་དབང་། རེབ་གོང་སྒྱུ་རྩལ་གླིང་གི་གླིང་གཙོ་སྙིང་འབུམ་ལགས་དགེ་རྒན་དུ་བསྟེན་པ་རེད།
           མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རེབ་གོང་གསེར་མོ་ལྗོངས་ནི་ཀྲུང་གོའི“ཐང་གའི་ཕ་ས”ཞེས་སུ་གྲགས་ཤིང་། ཡུལ་དེ་གའི་ཐང་གས་རེབ་གོང་སྒྱུ་རྩལ་གྱི་སྣེ་ཁྲིད་བྱེད་ཀྱི་ཡོད། 2009ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཀོད་པ་རེད།
          མཚོ་སྔོན་དང་ཤང་ཀང་ན་གཞོན་སྤེལ་རེས་ཡར་སྐུལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝུའུ་ཧན་ཀྲུང་གིས། ཐང་ག་ནི་དམིགས་བསལ་ཁྱད་ཆོས་ལྡན་པའི་རི་མོའི་འབྲི་རྩལ་ཞིག་ཡིན་ཏེ། ཤང་ཀང་གི་གཞོན་ནུ་དེ་བས་མང་བ་ཡོང་ནས་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་རིག་གནས་དང་ཐང་གའི་བཞེངས་རྩལ་ལ་སློབ་སྦྱོང་དང་ཤེས་རྟོགས་བྱེད་པར་འཇུག་འདོད་ཡོད་ཅེས་བརྗོད།
           “ང་ལ་བག་ཆགས་ཟབ་ཤོས་བཞག་པ་ནི་ཚོན་ཁ་བརྒྱོང་བ་དང་རས་གཞི་བརྡར་རྒྱུ་དེ་རེད། ཉི་མ་ཁ་ཤས་ལ་བརྡར་དགོས་པ་དང་།  ཚང་མའི་མཛུབ་མོ་དག་ལ་ཆུ་ཐོར་ཡང་བུད་ཡོད། ང་ལ་ཐང་གར་ངོས་འཛིན་སྔར་ལས་ཟབ་པོ་བྱུང་སོང་།” མིག་སྔར། ཅང་ཡུས་དབྱི་ཡིས་སློབ་ཐོན་བརྩམས་ཆོས་《སྒྲོལ་ལྗང་》བཞེངས་བཞིན་ཡོད། དགེ་རྒན་གྱིས་སྤྱིའི་ཆ་ནས་བཤད་ན་ཡག་པོ་འདུག་གསུང་མོད། འོན་ཀྱང་ཁོ་མོས་ད་དུང་ཆུ་ཚད་ཞན་པ་ཤེས་ནས“རྒན་ལགས་དང་བསྡུར་ན་ཐིག་ཚད་དང་། གསེར་ཕྱེ། སྤྱན་འབྱེད་པ་སོགས་ཀྱི་ཞིབ་འབྲིའི་ཐད་ལ་ཧེ་བག་ཧ་ཅང་ཆེ”ཟེར། 
          ཤང་ཀང་རྒྱ་ཡིག་སློབ་ཆེན་སྒྱུ་རྩལ་ཚན་ཁག་གི་ལོ་རིམ་གསུམ་པའི་སློབ་མ་ཀྲང་ཅ་ཡུས་ཀྱིས་བལྟས་ན། ཐང་ག་བཞེངས་པ་ནི་དངོས་གནས་དཀའ་ལས་མང་པོ་རྒྱག་དགོས་པ་ཞིག་རེད། “དེ་སྔོན་རང་ཉིད་ཀྱིས་རི་མོ་འབྲི་སྐབས་རྒྱུ་ཆ་ཚང་མ་ཡོད་ཟིན་པ་རྐྱང་རྐྱང་ཡིན་པ་དང་། ཐང་ག་བཞེངས་པའི་རྒྱུ་ཆ་ཚང་མ་རང་ཉིད་ཀྱིས་དངོས་སུ་བསྒྲུབ་དགོས་པས་འདི་ནི་ངའི་ངོས་ནས་བཤད་ན་བྱ་བ་གསར་པ་ཞིག་རེད་ལ། ལོངས་སུ་སྤྱོད་འོས་པའི་བརྒྱུད་རིམ་ཞིག་ཀྱང་རེད།”
          “དེ་སྔོན་རི་མོ་འབྲི་དུས་རང་ཉིད་ཀྱི་དགའ་ཕྱོགས་ལྟར་བྲིས་པ་ཡིན།  ཐང་ག་བཞེངས་རྒྱུ་ནི་དོན་སྙིང་མི་འདྲ་བ་ལྡན་ཡོད། རྒན་ལགས་ཀྱིས་གསུངས་པ་ལྟར་ན། མི་མང་པོ་ཞིག་གིས་ཐང་ག་ནི་མགྲོན་པོ་གལ་ཆེན་ལ་ཕུལ་བའི་ལག་རྟགས་སུ་བྱས་པས། ཐང་ག་རེ་རེ་བཞེངས་པའི་ཀུན་སློང་ཡང་མི་འདྲ།” ཀྲང་ཅ་ཡུས་ཀྱིས་གསར་འགོད་པར། ད་ཐེངས་ཀྱི་སློབ་སྦྱོང་ནི་ཐོག་མའི་ཉམས་ལེན་ཙམ་ཞིག་རེད། གལ་ཏེ་རྗེས་ཕྱོགས་སུ་ད་དུང་ཐང་ག་བཞེངས་བའི་གོ་སྐབས་ཡོད་ཚེ། ཉམས་མྱོང་མི་གཅིག་པ་མང་པོ་ཞིག་ཡོང་སྲིད་ཟེར།
           “ཁོ་ཚོས་ཐང་ག་བཞེངས་ཐེངས་དང་པོར་འདི་འདྲའི་ཡག་པོ་འབྲི་ཐུབ་པ་དངོས་གནས་བསམ་ཡུལ་ལས་འདས་པ་ཞིག་རེད” སྒྱུ་རྩལ་གླིང་དུ་ཤང་ཀང་གི་སློབ་མ་རྣམས་ཀྱིས་ནན་ཏན་གྱི་སྒོ་ནས་ཐང་ག་བཞེངས་པར་མཐོང་སྐབས། དགེ་རྒན་ཆེན་མོ་སྙིང་འབུམ་ལགས་ཀྱིས་ཀྱང་སློབ་མ་ཚོར་བསྟོད་བསྔགས་བྱས་ཏེ། མ་གཞི་སློབ་སྦྱོང་བྱེད་པའི་དུས་ཚོད་ཧ་ཅང་ཐུང་ཡང་། ཁོ་ཚོས་ཐང་གའི་རས་གཞི་བརྡར་བ་དང་། ཚོན་རྒྱག་པ། མདངས་རྒྱག་པ། སྐྱ་རིས་འཐེན་པ། གསེར་བྲིས་འཐེན་པ་སོགས་གཞི་རྩའི་ཐབས་རྩལ་དགུ་བེད་སྤྱོད་ཡག་པོ་བྱེད་ཤེས་ཡོད། ཚོན་ཁ་བརྒྱོང་བ་དང་ཚོན་ཁ་སྦྱོར་བ་སོགས་ནི་ལག་རྩལ་ཧ་ཅང་དཀའ་མོ་ཡིན་པས། ཉིན་30ཡི་ནང་བརྩམས་ཆོས་འདི་འདྲ་ཞིག་བཞེངས་ཐུབ་པ་ནི་ལས་སླ་མོ་ཞིག་མིན་ཟེར།
          “ཐང་ག་བཞེངས་པ་ནི་རང་ཉིད་ཀྱི་སྒོམ་སྒྲུབ་ཞིག་རེད། རྒྱུ་མཚན་ནི་ཐང་ག་བཞེངས་བའི་གོ་རིམ་ཁྲོད། མི་རྣམས་ཀྱི་སེམས་ཤུགས་ལ་སྲེག་བཅད་བརྡར་གསུམ་བྱས་པ་དང་མཚུངས། ང་ཚོས་སྔ་དྲོའི་ཆུ་ཚོད་8པ་ནས་དགོང་མོའི་ཆུ་ཚོད་10པའི་བར་ཐང་ག་བཞེངས་དགོས་པས། ཆུ་ཚོད་བཅུ་གྲངས་ལ་འདུག་དགོས། ཐང་ག་འབྲི་བའི་དུས་ཚོད་ཧ་ཅང་རིང་ཞིང་གོ་རིམ་དེ་ནི་རང་ཉིད་སོ་སོས་ནང་སེམས་དང་མཐུན་སྦྱོར་བྱེད་པའི་བརྒྱུད་རིམ་ཞིག་རེད”ཅེས་ཤང་ཀང་གྲོང་ཁྱེར་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་ཁྲེན་ཧོན་ཐིང་གིས་གསར་འགོད་པར་རང་ཉིད་ཀྱི་མྱོང་ཚུལ་བཤད་པ་རེད།
          ཝུའུ་ཧན་ཀྲུང་གིས། ད་ཐེངས་ཀྱི་ཐང་གའི་བཞེངས་རྩལ་སློབ་སྦྱོང་གི་འཆར་གཞི་ནི་མཚོ་སྔོན་དང་ཤང་ཀང་ས་གནས་གཉིས་ཀྱི་བར་ལ་བརྗེ་རེས་བྱེད་པའི་ཆ་ཤས་ཤིག་ཡིན་ཞིང་། མ་འོངས་པར་རིག་གནས་སྤེལ་རེས་བྱེད་པར་བརྟེན་ནས་ཡུལ་གཉིས་ཀྱི་བར་དུ་ཕྱོགས་གཞན་དག་ཐད་ཀྱི་སྤེལ་རེས་བྱ་ཐུབ་པའི་རེ་བ་ཡོད་ཅེས་བཤད།
    སློབ་མས་ཚོན་ཁ་སྦྱོར་བཞིན་པ།
    སློབ་མས་ཚོན་ཁ་སྦྱོར་བཞིན་པ།
    སློབ་མས་ཤོག་བུའི་སྟེང་འབྲི་བཞིན་པ།
    སློབ་མས་ཤོག་བུའི་སྟེང་འབྲི་བཞིན་པ།
    སློབ་མས་ནན་ཏན་ངང་ཚོན་རྒྱག་བཞིན་པ།
    སློབ་མས་ནན་ཏན་ངང་ཚོན་རྒྱག་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།