འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གི་པུའུ་རིམ་པ་གཞོན་པའི་སྐོར་ཞིབ་ཆེད་ལས་པ་ཟུར་པ་
    ཀྲང་ཧྭ་ཝེས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་ཞིབ་དང་པོ་འགོ་ཚུགས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་7ཉིན། པེ་ཅིང་འབྲིང་རིམ་ཁྲིམས་ཁང་གཉིས་པ་རུ་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གི་པུའུ་རིམ་པ་གཞོན་པའི་སྐོར་ཞིབ་ཆེད་ལས་པ་ཟུར་པ་ཀྲང་ཧྭ་ཝེས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་ཞིབ་དང་པོ་ཡོངས་བསྒྲགས་སུ་འགོ་ཚུགས།
         པེ་ཅིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཡན་ལག་ཁང་གཉིས་པས་སྐྱོན་འདོན་ཞུ་གཏུགས་བྱས་དོན། 2006ལོ་ནས་2014ལོའི་བར། གྱོད་པ་ཀྲང་ཧྭ་ཝེ་ཡིས་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་སྐོར་ཞིབ་ཚོགས་ཆུང་གི་པུའུ་རིམ་པ་གཞོན་པའི་སྐོར་ཞིབ་ཆེད་ལས་པ། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གི་པུའུ་རིམ་པ་གཞོན་པའི་སྐོར་ཞིབ་ཆེད་ལས་པ། ཀྲུང་དབྱང་གི་ཁེ་ལས་ཨང་དང་པོའི་དངུལ་རྩ་སྐོར་ཞིབ་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་སོགས་ཀྱི་ལས་གནས་ཐོག་གི་སྟབས་ལེགས་སྤྱད་པ་དང་། དེ་བཞིན་རང་ཉིད་ཀྱི་ལས་གནས་དབང་ཆ་དང་གོ་གནས་སོགས་ཀྱི་ཆ་རྐྱེན་བེད་སྤྱད་དེ། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་གཞན་གྱི་ལས་གནས་ཐོག་གི་བྱ་སྤྱོད་བརྒྱུད་ནས་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་ལ་ཁེ་ལས་གཉེར་སྐྱོང་དང་། ཁང་པ་ཉོ་ཚོང་། ལས་གནས་སྤར་བ། གྱོད་གཞི་ཞིབ་བཤེར་སོགས་ཀྱི་བྱ་གཞག་ལ་རོགས་རམ་བྱས་ཏེ། ཐད་ཀའམ་རང་གི་ཆུང་མ་བརྒྱུད་ནས་འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱིས་སྤྲད་པའི་རི་མོ་དང་། གསེར། གཡང་ཊི། མུ་ཏིག་སོགས་རྒྱུ་ནོར་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ཁྲི་3284ལྷག་བླངས་པ་རེད། 
         ཁྲིམས་ར་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་བདེན་དཔང་བསྟན་ཞིང་། གྱོད་པ་ཀྲང་ཧྭ་ཝེ་དང་དེའི་དག་འབུད་བྱེད་མཁན་ལ་ངོས་འཛིན་ར་སྤྲོད་བྱས་པས། གཏུག་བཤེར་དང་དག་འབུད་ཕྱོགས་གཉིས་ཀས་ཁྲིམས་རས་གཙོ་སྐྱོང་འོག་སོ་སོའི་བསམ་འཆར་གང་ལེགས་སུ་བཏོན་ཞིང་། ཀྲང་ཧྭ་ཝེས་ཆེས་མཐའ་མའི་ཞིབ་བརྗོད་བྱས་པ་མ་ཟད། ཁྲིམས་ར་ནས་རང་ཉེས་ངོས་ལེན་དང་ཉེས་འགྱོད་བྱས་པ་རེད། གྱོད་པའི་ཁྱིམ་མི་དང་མི་དམངས་ཚོགས་ཆེན་གྱི་འཐུས་མི། སྲིད་གྲོས་ཨུ་ཡོན། གསར་འགོད་པ། དེ་བཞིན་གྱི་ལས་རིགས་སོ་སོའི་མི་50ལྷག་ཁྲིམས་ར་ལ་སླེབས་ཡོད། ཁྲིམས་ར་ནས་འདྲི་གཅོད་བྱས་རྗེས། ཁྲིམས་རས་ཁྲིམས་ས་འཚོག་མཚམས་བཞག་ཅིང་དུས་ཚོད་བདམས་ནས་ཁྲིམས་བཅད་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། 
      

    ཕྱོགས་བསྡུས་གསར་འགྱུར།