འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།“དབྱི་ཤིན་ཡོ་དབར་གྱི་དུས་གཏན་མེ་འཁོར་ལས་ང་ཚོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་
    པ་ཐོབ་བྱུང” 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་09ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། སི་ཕེན་གྱི་རྒྱལ་ས་མ་ཏེ་རིའི་ཟོག་འགྲེམས་ལྟེ་གནས་དང་མི་རིང་བའི་སར“དབྱི་ཤིན་ཡོ”ཞེས་འཁོད་པའི་ལྗང་མདོག་དོས་སྒམ་ཁག་གཅིག་འགག་སྒོ་ནས་གཙང་བཤེར་བྱས་ཟིན། དོས་སྒམ་དེ་དག་ནང་རྒུན་འབྲུམ་ཨ་རག་དང་། སྐྱུ་རུའི་ཚི་སྣུམ། རླངས་འཁོར་གྱི་ལྷུ་ལག སྨན་བཅོས་སྒྲིག་ཆས་སོགས་སི་ཕེན་གྱི“ཡུལ་ཟོག”བླུགས་ཡོད། ད་ལྟ“དབྱི་ཤིན་ཡོ”དུས་གཏན་མེ་འཁོར་ཐོག་བླུགས་རྒྱུར་སྒུག་སྡོད་པ་དང་མཐར་ཀྲུང་གོའི་དབྱི་ཝུའུ་རུ་དབོར་རྒྱུ་རེད།
          དབྱི་ཝུའུ་ཡི་སི་ཕེན་སྤེལ་རེས་ཐེབས་རྩ་ཚོགས་པའི་ཀྲུའུ་ཞི་མའོ་ཝུན་ཅིན་གྱིས་གསར་འགོད་པར་ཚོར་སྣང་ཟབ་མོ་བྱུང་བའི་སྒོ་ནས“དབྱི་ཤིན་ཡོ་དུས་གཏན་མེ་འཁོར་གྱིས་ཀྲུང་གོ་དང་སི་ཕེན་དབར་གྱི་ཚོང་དོན་ལ་བགྲོད་ལམ་གསར་པ་ཞིག་བཏོད་པ་མ་ཟད། ཀྲུང་གོའི་ཚོང་པ་དང་ད་དུང་སི་ཕེན་གྱི་ཁེ་ལས་འབྲིང་ཆུང་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བཏོད་ཡོད”ཅེས་བཤད་བྱུང་།
         “དབྱི་ཤིན་ཡོའི”ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་རིང་ཚད་སྤྱི་ལེ་ཁྲི་1.3ཟིན་པ་དང་ལམ་བར་དུ་ཧ་སག་སི་ཐན་དང་། ཨུ་རུ་སུ། ཕོ་ལན་སོགས་རྒྱལ་ཁབ་8བརྒྱུད་ཀྱི་ཡོད་ཅིང་། ལྷག་པར་དུ་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ཡོངས་སུ་བརྒྱུད་ཡོད། 2014ལོའི་ཟླ་བཅུ་གཅིག་པར་ཁག་དང་པོའི“དབྱི་ཤིན་ཡོ”དུས་གཏན་མེ་འཁོར་དབྱི་ཝུའུ་ནས་མ་ཏེ་རིར་བཏང་སྟེ་ལམ་རྒྱུད་རྒྱལ་ཁབ་ཀྱི་ཚོང་དོན་སྤེལ་རེས་ལ་བདེ་འཇགས་དང་། སྤྱོད་གོ་ཆེ་བ། ལས་ཆོད་ཆེ་བ་བཅས་ཀྱི་བགྲོད་ལམ་གསར་པ་ཞིག་བཏོད་ཡོད།
         “‘དབྱི་ཤིན་ཡོ’དུས་གཏན་མེ་འཁོར་མ་ཏེ་རིར་འབྱོར་བའི་ཆ་འཕྲིན་ཉིན་དེའི་སི་ཕེན་གྱི་སྨྱན་སྦྱོར་ཁག་གི་པར་ངོས་དང་པོའི་ཐོག་བཀོད་ཡོད་ཅིང་། དེ་མཐོང་བས་ངའི་སི་ཕེན་གྱི་གྲོགས་པོ་ཚོ་ཧང་སངས་པ་དང་ཡིད་སྨོན་སྐྱེས། ངའི་བུ་མོའི་སློབ་གྲོགས་ཀྱིས་ཀྱང་མོ་ལ‘ཁྱེད་ཚོ་ཀྲུང་གོའི་མེ་འཁོར་མ་ཏེ་རིར་སླེབས་འདུག དངོས་འབྲེལ་ཧ་ལས་དགོས་པ་ཞིག་རེད’”ཅེས་བཤད་འདུག་ཅེས་དུས་གཏན་མེ་འཁོར་གཉེར་སྐྱོང་ཕྱོགས་དབྱི་ཝུའུ་ཐེན་མོང་དངོས་ལས་མ་འཇོག་ཚད་ཡོད་ཀུང་སི་སི་ཕེན་ཁུལ་གྱི་འགན་འཁུར་བ་རོན་ཀྲུང་ཧུའུ་ཡིས་གསར་འགོད་པར་བཤད་བྱུང་།
         མིག་སྔར“དབྱི་ཤིན་ཡོ”དུས་གཏན་མེ་འཁོར་རྒྱུན་རྣམ་ཅན་དུ་གཉེར་སྐྱོང་ཐུབ་ནས་གཟའ་འཁོར་རེར་དབྱི་ཝུའུ་ནས་མེ་འཁོར་ཐེངས་གཉིས་གཏོང་བ་དང་ཕྱིར་ལོག་གི་དུས་གཏན་མེ་འཁོར་གཏོང་ཚད་ཀྱང་གཟའ་འཁོར་རེར་ཐེངས་གཅིག་རྒྱུན་འཁྱོངས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་དུས་གཏན་མེ་འཁོར་འཁོར་རྒྱུག་ཐུབ་ཚད་ཀྱང་ཆེས་ཆེར་མང་དུ་སོང་བ་དང་ལམ་བར་གྱི་འགག་སྒོའི་འགྲོ་ལུགས་ཀྱང་དེ་བས་སྟབས་བདེ་རུ་སོང་ནས་མགྱོགས་ཤོས་ལ་ཉིན་16ནང་ཚུན་དུ་མཐའ་མའི་བབས་ཚུགས་སུ་འབྱོར་ཐུབ་ཀྱི་ཡོད། ལས་འབོར་མགྱོགས་མྱུར་མང་དུ་སོང་བ་དང་བསྟུན་ནས“ཉིན་རེར་དུས་གཏན་མེ་འཁོར་ཐེངས་གཅིག་གཏོང་བའི་ཕུགས་འདུན་འཕྲལ་མར་མངོན་འགྱུར་ཐུབ་རྒྱུ་རེད”ཅེས་དབྱི་ཝུའུ་ཐེན་མོང་དངོས་ལས་མ་འཇོག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཙུང་ཚའེ་གཞོན་པ་ལིན་ཧུའེ་ཧོན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད་བྱུང་།
         “དབྱི་ཤིན་ཡོ”དུས་གཏན་མེ་འཁོར་ཤར་གཏོང་ཐུབ་ནས་ལམ་རྒྱུད་རྒྱལ་ཁབ་ལ་ཀྲུང་གོའི་སྟོབས་ཤུགས་ཆེ་རུ་སོང་བའི་ཚོར་སྣང་ཟབ་མོ་སྦྱིན་པ་མ་ཟད། སི་ཕེན་གྱི་ཀྲུང་གོ་བའི་གནས་བབ་ཀྱང་མཐོ་རུ་སོང་ཡོད།
         ཀྲུང་གོའི་ཚོང་པ་ཀྲོའུ་ཤུས་ཧྥུང“དབྱི་ཤིན་ཡོ”དུས་གཏན་མེ་འཁོར་གྱི་ཚོང་ཟོག་མཁོ་འདོན་བྱེད་མཁན་གཙོ་བོའི་གྲས་ཤིག་ཡིན་པ་དང་། ཁོང་གིས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན“དབྱི་ཤིན་ཡོ”དུས་གཏན་མེ་འཁོར་དབང་གིས་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 2016ལོར་ཁོང་ལ་དབང་བའི་ཀྲེ་ཅང་མོང་ཏེ་ཚད་ཡོད་ཀུང་སིའི་ནང་འདྲེན་ཚོང་ཟོག་ལོ་གོང་མ་དང་བསྡུར་ན་དུས་མཚུངས་ལས་30%འཕར་བ་དང་དེའི་སྐྱེལ་འདྲེན་ཚང་མ“དབྱི་ཤིན་ཡོ”དུས་གཏན་མེ་འཁོར་ལ་བརྟེན་གྱི་ཡོད།
         ད་ཆ་ཀྲུང་གོའི་ཚོང་པ་སྔར་ལས་མང་བས་སི་ཕེན་གྱི་ཁེ་ལས་ལ་ཕྱིར་གཏོང་ཚོང་དོན་སྒྲུབ་རོགས་བྱས་པས། ཡུལ་དེའི་མི་ཚོའི་དགའ་བསུ་རྒྱ་ཁྱབ་ངང་ཐོབ་ཡོད། ལིང་ཧུའེ་ཧོན་གྱིས“དབྱི་ཤིན་ཡོ”དུས་གཏན་མེ་འཁོར་གྱི་སྐུལ་འདེད་འོག་ཀྲུང་གོའི་ཚོང་པས་ཕྱོགས་སྒྱུར་རིམ་སྤོར་སྔར་ལས་ལེགས་པ་བྱེད་ཐུབ་ངེས་རེད། “དབྱི་ཤིན་ཡོ”དུས་གཏན་མེ་འཁོར་གྱིས་ཀྲུང་གོའི་ཚོང་པར་ནང་འདྲེན་ཚོང་དོན་གྱི་ཐབས་ལམ་གསར་པ་ཞིག་མཁོ་འདོན་བྱས་ཏེ་ཀྲུང་གོ་དང་སི་ཕེན་ཕྱོགས་གཉིས་པོའི་ཁེ་ལས་མཁས་ཅན་ལ་ཚོང་གི་གོ་སྐབས་ཆེན་པོ་སྦྱིན་ཡོད་ཅེས་བཤད། ཁོང་གིས“དབྱི་ཤིན་ཡོ”དུས་གཏན་མེ་འཁོར་འཕེལ་རྒྱས་སྔར་ལས་ལེགས་པ་བྱུང་ནས་ཚང་མར་བདེ་སྐྱིད་དེ་ལས་མང་བ་ཡོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།