འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་གྲོ་མོ་རྫོང་གིས་ཐོན་ལས་དར་རྒྱས་བཏང་ནས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་02ཉིན། 12:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    འབྲི་གཡག་གསོ་ཚགས་ར་བ།
    འབྲི་གཡག་གསོ་ཚགས་ར་བ།
           མི་དམངས་དྲ་བའི་འཕྲིན། ས་བབ་མཐོ་ཚད་སྨི་4360ཟིན་པའི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་ཕག་རི་རྩྭ་ཐང་ནི་བོད་ཀྱི་ས་རྒྱུ་གཤིན་ཤོས་ཀྱི་རྩྭ་ཐང་གི་གྲས་ཤིག་རེད། ཡུལ་དེ་གའི་ཞིང་འབྲོག་པས་འབྲོག་ལས་དང་ཉ་ལས་གཉེར་ནས་གྲོ་མོའི་ཉ་དང་། འབྲི་གཡག བོད་བྱ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་དབུལ་སྒྲོལ་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད།
            འདི་ལོ་ལོ་49ལ་སླེབས་པའི་ཟླ་བ་ནི་དེ་སྔ་འབྲི་གཡག་གསོ་ཚགས་དང་གླ་པ་བྱས་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་1ཙམ་ལས་མེད། འདི་ལོའི་ལོ་འགོར། ཁོང་གིས་ཁྱིམ་གྱི་འབྲི་གཡག་6མ་རྐང་དུ་བྱས་ཏེ་ཕག་རིའི་འབྲི་གཡག་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར་ཞུགས་ཤིང་། འབྲི་གཡག་རེར་སྒོར་5000བརྩིས་ཚེ་མགོ་གྲངས་རེར་ལོ་ལྟར་ཐོབ་ཆ་སྒོར་650རག་གི་ཡོད་པ་དང་། 2019ལོའི་རྗེས་འབྲི་གཡག་མགོ་གྲངས་རེར་ལོ་3རེར་ཐོབ་ཆ་སྒོར་200འཕར་ནས་ལོ་20ཡི་གན་རྒྱ་མ་ཐིམ་བར་ལེན་རྒྱུ་ཡོད་པ་མ་ཟད་ད་དུང་འབྲི་གཡག་དེ་དག་སྔར་གྲངས་བཞིན་ཚུར་རག་གི་ཡོད།
           “འདི་ལོའི་ཟླ་5པ་ནས་ང་ཀུང་སིར་ལས་ཀ་བྱེད་པར་བསྐྱོད་དེ་འབྲི་གཡག་60ཙམ་ལ་གཟན་ཆག་སྟེར་དགོས་ཀྱི་ཡོད། ཀུང་སིས་ངའི་ཟ་སྡོད་ཐད་རིན་པ་ལེན་གྱི་མེད་པ་མ་ཟད་ད་དུང་ཟླ་རེར་གླ་ཆ་སྒོར་3000སྤྲོད་ཀྱི་ཡོད་པས་སྔོན་དཔག་བྱས་ན་ལོ་རེར་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་གྱི་འདུག འབྲི་གཡག་ཕུད་ཀུང་སིས་ད་དུང་རྩྭ་ར་མ་རྐང་ནང་བཅུག་ནས་ཕྱུགས་འཚོ་བ་དང་གཟན་རྩྭ་འདེབས་པར་སྤྱོད་ཆོག་གི་ཡོད། ངའི་རྩྭ་ར་མ་རྐང་ནང་བཅུག་རྗེས་སྲིད་གཞུང་གི་ཁ་གསབ་མུའུ་རེར་སྒོར་1.5ཡོད་པའི་ཁར་ཀུང་སིའི་ཁ་གསབ་མུའུ་རེར་སྒོར་0.5ཡང་རག་གི་འདུག”ཅེས་ཟླ་བས་བརྗོད།
           ཟླ་བ་དང་འདྲ་བར་ཞིང་འབྲོག་པ་150ལྷག་ཙམ་གྱིས་ཕག་རིའི་འབྲི་གཡག་ཐོན་ལས་ཀུང་སིའི་འབྲོག་ར་ཁག་ཏུ་གླ་པ་བྱས་ནས་ཡོང་འབབ་བསགས་ཀྱི་ཡོད། “ང་ཚོ་ནི་གཞུང་ཁོངས་མ་རྩ་ཁེར་འཇོག་ཁེ་ལས་ཡིན་པས་ཀུང་སིས་ཞིང་འབྲོག་པའི་ཕྱུགས་རིགས་དངུལ་ལ་ཕབ་སྟེ་མ་འཇོག་བྱེད་པའི་ཐབས་ལ་བརྟེན་ནས་མཐའ་མཚམས་རྫོང་ཡོངས་ཀྱི་ཞིང་འབྲོག་དུད་ཚང་648འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་167ཡོད་ཅིང་། ལོ་རེར་ཁེ་འབབ་སྒོར་ཁྲི་500ལྷག་ཙམ་ཟིན་གྱི་འདུག”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་པ་སངས་དབང་འདུས་ཀྱིས་བཤད།
           ཆུ་འབི་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞིར་གྲོང་མི་མང་པོ་ཞིག་བྲེལ་བ་ཆེ་སྒང་རེད་འདུག “ཉ་ཕྲུག་ཆུང་ཆུང་ཞིག་ལ་ཁྲོམ་རའི་ཐོག་སྒོར་20ཡིན་པ་དང་། ཉ་རྒྱ་མ་རེར་ཁྲོམ་རའི་ཐོག་སྒོར་200ཡས་མས་བྱེད་ཀྱི་ཡོད་པས་འདི་གར་གླ་པར་ཡོང་བའི་གྲོང་མི་རེར་ཟླ་རེར་ཡོང་འབབ་སྒོར་3000ལས་མི་ཉུང་བ་ཡོད”ཅེས་རྟེན་གཞིའི་འགན་འཁུར་བ་ལྷག་པ་ནོར་བུས་ངོ་སྤྲོད་བྱས། (གྲོ་མོའི་ཉའི་གཟུགས་ལ་རི་མོ་ཁྲ་བཏབ་པ་ལྟར་ཡོད་པས་ཡུལ་དེ་གའི་མིས“ཉ་ཁྲ་ཐིག”ཅེས་འབོད་པ་དང་། “གཙང་ཡུལ་གྱི་ཆུ་ནང་གི་མཆོག་ནོར”ཞེས་སུ་གྲགས)
          རྟེན་གཞི་དེས་ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་ནས་རིགས་གཅིག་མཁས་ཅན་མང་པོ་ཞིག་ལག་རྩལ་མཛུབ་ཁྲིད་བྱེད་པར་གདན་དྲངས་ཡོད། ལོ་26ལ་སླེབས་པའི་ལུའོ་ཧེང་ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་མིག་སྔར་ཆུ་འབི་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞིར་ལག་རྩལ་པ་བྱེད་ཀྱི་ཡོད། “གྲོ་མོའི་ཉ་ནི་ཡུལ་དེ་གར་དམིགས་སུ་ཡོད་པའི་ཉ་རིགས་ཤིག་ཡིན་ཞིང་། ཆུ་ནང་དུ་གཙོ་བོ་ཆུ་སྐྱེས་འབུ་སྲིན་ཟ་གི་ཡོད། ང་ཚོས་ཉོས་པའི་སྤུས་ལེགས་གཟན་ཆག་ཏུན་རེར་སྒོར་ཁྲི་ཟིན་གྱི་ཡོད། ང་ཚོས་གཙོ་བོ་རི་ཁྲོད་ཀྱི་བཞུར་ཆུ་དྲངས་ནས་གྲོ་མོའི་ཉ་གསོ་གི་ཡོད། ཡིན་ནའང་ཉ་དེ་རིགས་ཀྱི་འཚོ་གནས་ཁོར་ཡུག་ཧ་ཅང་ལེགས་པོ་དགོས་པས་ཉ་ཕྲུག་ཉ་སྒོང་ལས་ཐོན་སྐབས་གསོན་ཚད་30%ཡས་མས་ལས་ཟིན་གྱི་མེད”ཅེས་ཁོང་གིས་བཤད།
            ལྷག་པ་ནོར་བུས་2015ལོར་གྲོ་མོ་རྫོང་གིས་ནོར་སྲིད་ཀྱི་མཐའ་མཚམས་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྤྱད་དེ་ཆུ་འབི་གྲོ་མོའི་ཉ་གསོ་སྤེལ་རྟེན་གཞི་དང་གསོ་ཚགས་རྟེན་གཞི་3བཙུགས་ནས་ཞིང་ལས་མཉམ་ལས་ཁང་གི་རྣམ་པའི་ཐོག་ནས་གཉེར་སྐྱོང་བྱས་ཏེ་གྲོང་མི་དུད་ཚང་500ལྷག་ཙམ་ཞུགས་རྒྱུའི་སྣེ་ཁྲིད་བྱས་ཡོད་ཅེས་ངོ་སྤྲོད་བྱས།
            1992ལོར་གྲོ་མོའི་ཉ་དེ་ཉིད་བོད་ཀྱི་རིམ་པ་གཉིས་པའི་ཆུ་སྐྱེས་བདག་ཏུ་མ་བཟུང་བའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཁོངས་སུ་བཅུག་ཅིང་། མི་རྣམས་ཀྱིས་ཟས་སུ་སྤྱོད་པའི་གྲོ་མོའི་ཉ་ནི་མི་ཐབས་ལ་བརྟེན་ནས་གསོ་སྤེལ་དང་གསོ་ཚགས་བྱས་པ་ཞིག་རེད།
            “ང་དེ་སྔ་བཟའ་ཟླ་དང་མཉམ་དུ་གླ་པ་བྱས་ནས་འཚོ་བ་འཕྱིད་ཐབས་བྱེད་ཀྱི་ཡོད། ཟླ་4ཡི་གོང་རྟེན་གཞིར་ལས་ཀར་ཡོང་བས་ཟླ་རེར་ཡོང་འབབ་སྒོར་4500ཙམ་འདུག གསོ་སྤེལ་བྱས་པའི་ཁག་དང་པོའི་ཉ་ཁྲོམ་རར་འདོན་ཉེར་ཡོད་པས་ཉེ་ཆར་ང་ཚོ་ལས་བྲེལ་ཆེན་པོ་འདུག”ཅེས་ལོ་45ལ་སླེབས་པའི་གྲོ་མོ་སྨད་ཤང་གི་གྲོང་མི་བུ་ཕྲུག་གིས་གྲོ་མོའི་ཉ་གསོ་ཚགས་རྟེན་གཞི་ནས་རྒྱ་མ་5ཙམ་ཟིན་པའི་ཉ་ཞིག་ལག་ཏུ་བཟུང་སྟེ་བཤད།
           ཐོན་ལེགས་བྱུང་བའི་སྤྲོ་སྣང་ཞིང་པ་ཚོའི་ངོ་གདོང་ལས་མངོན་ཞིང་། “ཡིན་ནའང་ངར་ད་དུང་བློ་ཕམ་ཞིག་འདུག མིག་སྔར་གྲོ་མོའི་ཉ་ཐག་རིང་ཤོས་ལྷ་ས་བར་མ་གཏོགས་དབོར་ཐུབ་ཀྱི་མེད། འདི་ལོ་གྲོ་མོ་རྫོང་གི་ཕྱོགས་བསྡུས་ཐོན་ལས་གླིང་བསྐྲུན་ཟིན་རྗེས་གྲོ་མོའི་ཉར་ལས་སྣོན་གསར་སྤེལ་བྱ་རྒྱུ་ཡིན་པས་ང་ཚོས་ཉ་ཀྲིན་ལས་སྣོན་བྱ་རྒྱུ་མ་ཟད་ད་དུང་གྲང་ཉར་ལག་རྩལ་ལ་བརྟེན་ནས་གྲོ་མོའི་ཉ་སོས་པ་ནང་ས་དང་ཐ་ན་ཕྱི་རྒྱལ་དུ་དབོར་ཏེ་མི་རྣམས་ལ་བྲོ་བ་ལྟ་རུ་འཇུག་གི་ཡིན”ཞེས་ལྷག་པ་ནོར་བུས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།