འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཁུ་པའི་གསར་བརྗེ་འདི་ནས་འགོ་བརྩམས། 

    —— “དཔའ་བོའི་གྲོང”མོང་ཁ་ཏ་དམག་སྒར་ལ་ཕར་རྒོལ་བྱས་ནས་ལོ་65འཁོར་བར་དྲན་གསོ་ཞུས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          ཁུ་པ་རྒྱལ་ཁབ་ཀྱི“དཔའ་བོའི་གྲོང”ཞེས་གྲགས་པའི་སེན་རྡི་ཨ་ཀོ་རུ་ཚེས་26ཉིན་གྱི་ནམ་ལངས་ཁའི་སྐབས། ཁུ་པའི་མང་ཚོགས་ཁྲི་ཙམ་མོང་ཁ་ཏ་དམག་སྒར་གྱི་ཤུལ་རྙིང་གི་མདུན་ཕྱོགས་སྤང་ཐང་དུ་ཁ་ཁུ་སིམ་པོའི་ངང་བསྡད་ཡོད། ཤུལ་རྙིང་གི་ཕྱིའི་གྱང་གི་དབུས་སུ་ཁུ་པའི་གསར་བརྗེའི་གཙོ་འཛིན་ཧྥེ་ཏེར·ཁ་སི་ཐེ་ལུའོ་ཡི་བརྙན་པར་ཆེན་པོ་ཞིག་འགེལ་ཡོད་པ་དང་། གཡས་གཡོན་གཞོགས་གཉིས་སུ་ཁུ་པའི་རྒྱལ་དར་ཞིག་དང“བདུན·གཉིས་དྲུག”ལས་འགུལ་གྱི་མཚོན་རྟགས་རང་བཞིན་གྱི་དར་ཆ་དམར་ནག་ཅིག་ཡོད་པ་རེད།
         ལོ་65གོང་གི་དེ་རིང་གི་ཞོགས་པའི་ཆུ་ཚོད་5དང་སྐར་མ་12ཀྱི་ཐོག་ལོ་ན་26ཙམ་གྱི་ཧྥེ་ཏེར·ཁ་སི་ཐེ་ལུའོ་ཡིས་ན་གཞོན་100ལྷག་གི་སྣེ་ཁྲིད་ནས་པ་ཏི་སི་ཐའི་སྒེར་གཅོད་སྲིད་དབང་གི་དམག་དོན་བཙན་རྫོང་གཉིས་པ་སྟེ་མོང་ཁ་ཏ་དམག་སྒར་ལ་ཕར་རྒོལ་བྱས་ཏེ་ཨ་རིའི་རྗེས་འབྲང་པའི་སྒེར་གཅོད་སྲིད་དབང་མགོ་རྟིང་སློག་པའི་ཁུ་པའི་གསར་བརྗེའི་མེ་མདའ་དང་པོ་བརྒྱབ་པ་རེད། སྟོབས་ཤུགས་ཀྱི་ཁྱད་པར་ཆེ་བའི་རྐྱེན་གྱིས་འོས་ལངས་ཕམ་པར་གྱུར། 1955ལོར་ཧྥེ་ཏེར་མོ་ཞི་ཁོར་ཡུལ་གྱར་བྱེད་རིང“བདུན·གཉིས་དྲུག་ལས་འགུལ”རྩ་འཛུགས་བཙུགས་ཤིང་། 1956ལོར་ཁོང་དང་ཀེ་ཝ་ལ་སོགས“ཀེ་ལ་མ”རྟགས་ཅན་གྱི་གྲུ་གཟིངས་ལ་བསྡད་ནས་ཁུ་པར་ཕྱིར་ལོག་པ་དང་སྦྲགས་མ་ཨེ་སི་ཐེ་ལ་རི་གྲོང་དུ་གསར་བརྗེའི་གནས་གཞིའི་ཁུལ་བསྐྲུན། 1959ལོའི་ཟླ་1པོར་ཁོང་གིས་གསར་བརྗེའི་དམག་ཁྲིད་ནས་སེན་རྡི་ཨ་ཀོ་གྲོང་བཅིངས་འགྲོལ་བཏང་སྟེ་ཁུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་པ་རེད།
         ཟླ་7ཚེས་26ཉིན་ནི་ཁུ་པའི་གལ་འགངས་ཆེ་ཤོས་ཀྱི་དྲན་གསོའི་ཉིན་མོའི་གྲས“འོས་ལངས་ཉིན་མོ”ཡིན། ལོ་ལྟར་གྱི་ཟླ་7ཚེས་26ཉིན་ལ་ཁུ་པ་སྲིད་གཞུང་གིས་རྒྱུན་དུ་གྲོང་ཁྱེར་མི་འདྲ་བར་ཚོགས་ར་གཙོ་བོའི་བྱེད་སྒོ་གཉེར་གྱི་ཡོད། འགྱུར་ལྡོག་མེད་པ་གཅིག་ནི་ལོ་ལྔ་རེའི་མཚམས་སུ་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་ཡུལ་དེ་ཁུ་པའི་གསར་བརྗེའི་འགོ་རྩོམ་ས་མོང་ཁ་ཏ་དམག་སྒར་གྱི་ཤུལ་རྙིང་ཡིན་པ་དེ་རེད།
         མོང་ཁ་ཏ་དམག་སྒར་གྱི་ཤུལ་རྙིང་ནི་སེན་རྡི་ཨ་ཀོ་གྲོང་གི་ཤར་བྱང་རྒྱུད་དུ་གནས་པ་དང་། གསར་བརྗེར་རྒྱལ་ཁ་ཐོབ་ནས་མི་རིང་བར་དེ་ཉིད་སློབ་གྲྭ་ཞིག་ཏུ་བསྐྱར་སྐྲུན་བྱས་པ་དང་། སློབ་གྲྭའི་གཞོགས་གཅིག་ཏུ་མོང་ཁ་ཏ་དམག་སྒར་ལ་ཕར་རྒོལ་བྱས་པའི་དྲན་གསོ་ཁང་ཞིག་བསྐྲུན་ཡོད། ད་ཆ་དྲན་གསོ་ཁང་གི་ཕྱིའི་གྱང་དུ་སྔར་བཞིན་དེ་དུས་དམག་འཐབ་དྲག་པོ་བྱས་པའི་མདེལ་གྱི་ཤུལ་ཡོད་པ་རེད།
         ཉིན་དེའི་དྲན་གསོའི་བྱེད་སྒོའི་ཐོག་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་དགེ་རྒན་རྣམས་གཅིག་མཇུག་གཉིས་མཐུད་ངང་གར་སྟེགས་སུ་ཡོང་ནས་གསར་བརྗེའི་གླུ་གཞས་བཏང་བ་དང་། གསར་བརྗེའི་རྩོམ་ཡིག་ངག་སྐྱོར་བཏང་ནས་ཁུ་པའི་གསར་བརྗེའི་བརྒྱུད་རིམ་ལ་ཕྱིར་དྲན་བྱས་པ་མ་ཟད། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཡང་ཞུ་གི་ཡོད་པ་རེད།
         “ང་ཚོ་ཁུ་པའི་ལོ་ཆུང་གདོང་ལེན་རུ་མི་དང་ན་གཞོན་གྱི་ངོས་ནས་ཆ་མཚོན་ན། ཟླ་7ཚེས་26ཉིན་དེ་ཁུ་པའི་མི་རིགས་བཅིངས་འགྲོལ་དང་རང་བཙན་ཆེད་གཞོལ་བའི་འཐབ་རྩོད་མུ་མཐུད་རྒྱུན་མཐུད་བྱེད་པ་མཚོན་གྱི་ཡོད”ཅེས་སློབ་འབྲིང་སློབ་མ་ལའེ་ཁན·ཨེར་ནན་ཏེ་སིས་གར་སྟེགས་ཐོག་ནས་བརྗོད།
         “ཧྥེ་ཏེ་ཁྲི་ལོར་བརྟན་པ་ཤོག”“ཁུ་པའི་གསར་བརྗེ་ཁྲི་ལོར་བརྟན་པ་ཤོག”ཅེས་པའི་འབོད་སྒྲའི་ཁྲོད་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ་ལའོ་འར·ཁ་སི་ཐེ་ལུའོ་གར་སྟེགས་སུ་འཛེགས་ནས་ཤིས་ཚིག་སྒྲོན་པ་རེད། དེ་ནི་ད་ལོའི་ཟླ་4པར་ཁུ་པ་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་ལས་གནས་ནས་བབས་རྗེས་ཁོང་གིས་ཐོག་མར་གཏམ་བཤད་བྱས་པ་ཞིག་རེད།
         ལའོ་འར་གྱིས། “ང་ཚོས་སྔོན་ཆད་འདི་གར་མནར་གཅོད་མྱངས་པ་དང་གནོད་འཚེ་ཕོག་པའི་ན་གཞོན་རྣམས་ལ་དྲན་གསོ་མི་བྱེད་ག་ལ་སྲིད།”མོང་ཁ་ཏ་དམག་སྒར་ལ་ཕར་རྒོལ་བྱེད་མཁན་རྒྱལ་གཅེས་ན་གཞོན་དེ་དག་ཡོད་པས་ཁུ་པའི་རང་བཙན་ལས་འགུལ་གྱི་གཙོ་འཛིན་ཧོ་སའེ·མ་ཏིའི་བསམ་བློ་ཉམས་མི་སྲིད་ཅེས་བརྗོད།
         “ཆ་རྐྱེན་ཅི་ཙམ་དཀའ་སྡུག་ཆེ་བ་དང་འགྲན་སློང་ཅི་འདྲའི་དཀའ་ཚེགས་ལྡན་ཡང་། ཁུ་པ་མི་དམངས་ཀྱིས་ནམ་ཡང་གསར་བརྗེར་སྲུང་སྐྱོང་བྱ་ངེས་ཡིན”ཞེས་ལའོ་འར་གྱིས་བརྗོད།
         ནམ་ལངས་པ་དང་ཆབས་ཅིག་མི་རིང་བའི་མ་ཨེ་སི་ཐེ་ལ་རི་བོ་ཡང་རིམ་གྱིས་མངོན། ལའོ་འར་གྱིས“དཔའ་བོའི་གྲོང”ལ་སང་ལོའི་ཟླ་1པོར“ང་ཚོ་སེན་རྡི་ཨ་ཀོ་རུ་སླར་ཡང་ཐུག་ཡོང་། ཁུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་ནས་ལོ་60འཁོར་བར་མཉམ་དུ་དྲན་གསོ་ཞུ”ཞེས་ཁས་ལེན་ནན་པོ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།