འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་ལམ་རྒྱུད་ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་གྱི་མོན་ལའི་ཕུག་ལམ་
    ཧྲིལ་པོ་ཡོངས་སུ་འགྲུབ་ཡོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 13:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཁྲོན་བོད་ལམ་རྒྱུད་ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་གྱི་མོན་ལའི་ཕུག་ལམ་
ཧྲིལ་པོ་ཡོངས་སུ་འགྲུབ་ཡོད།
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ཉིན་གྱི་ཆུ་ཚོད་15དང་སྐར་མ་40ཡི་ཐོག་སྐད་སྒྲ་ཆེན་པོ་ཞིག་གྲགས་པ་དང་བསྟུན་ནས། ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་གྱི་མོན་ལའི་ཕུག་ལམ་གྱི་འཛུལ་སྒོ་གཡོན་མ་ཡོངས་སུ་འགྲུབ་ཡོད། དེས་མོན་ལའི་ཕུག་ལམ་ཧྲིལ་པོ་ཤར་གཏོང་ཐུབ་པ་མཚོན་ཞིང་། ལྷ་ཉིང་རིམ་མཐོའི་གཞུང་ལམ་ད་ལོའི་ཟླ་བཅུ་པའི་ནང་ཡོངས་སུ་ཤར་གཏོང་ཐུབ་པར་རྨང་གཞི་བཏིང་ཡོད་པ་རེད།
            མོན་ལའི་ཕུག་ལམ་ནི་ཁྲོན་བོད་ལམ་རྒྱུད( རྒྱལ་ལམ་318)ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གཙོ་གནད་ཅིག་ཡིན་ཞིང་། དེའི་སྤྱིའི་རིང་ཚད་ལ་སྨི་5720ཡོད་པ་དང་།  གཡས་ཀྱི་ཕུག་ལམ་ད་ལོའི་ཟླ་དྲུག་པར་ཤར་གཏོང་ཐུབ་ཡོད། ཕུག་ལམ་འདི་ནི་ལམ་ཐིག་ཉིས་གཤིབ་ཅན་གྱི་ཕུག་ལམ་ཡིན་པ་དང་། ཕྱོགས་གཉིས་དང་འཁོར་ལམ་བཞི་ཡོད་པའི་རིམ་མཐོའི་གཞུང་ལམ་གྱི་འཛུགས་སྐྲུན་ཚད་གཞི་ལྟར་བསྐྲུན་ཡོད།
            མོན་ལའི་ཕུག་ལམ་གྱི་ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4750ཡིན་པས། ས་མཐོ་ཞིང་གྲང་ངར་ཆེ་ལ་དབྱང་རླུང་དཀོན་པ་ནི་མོན་ལའི་ཕུག་ལམ་རྣམ་གྲངས་ཨར་སྐྲུན་གྱི་དཀའ་གནད་ཆེ་ཤོས་སུ་གྱུར་ཡོད་པ་རེད། ཕུག་ལམ་ཨར་ལས་ཡུལ་དངོས་ཀྱི་འགན་འཁུར་བ་ལི་ཆང་གིས་བཤད་རྒྱུར་“ཕུག་ལམ་ནང་དབུགས་ཀྱིས་མི་འདང་བ་དང་དབྱང་རླུང་འདུས་ཚད་ཉུང་བས། བཟོ་པས་དུས་ཚོད་གཉིས་ལ་ལས་ཀ་བྱས་པ་ཙམ་གྱིས་མགོ་ཡུ་འཁོར་བ་དང་རྐང་པ་མཉེན་པོར་འགྱུར་གྱི་ཡོད། བྲག་ཕུག་ནང་དུ་ཆུ་སྣ་མང་པོ་བརྡོལ་བ་དེས་སྔོག་འདོན་གྱི་ལས་ཀ་ཧ་ཅང་དཀའ་ཚེགས་ཆེ་བ་ཞིག་ཏུ་གྱུར་ཡོད།”
           མིག་སྔར་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གཞུང་ལམ་ཕུག་ལམ་རིང་ཤོས་འདི་ནི་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པ་དང་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པས་འཛུགས་སྐྲུན་བྱ་རྒྱུའི་ལས་འགན་མཉམ་དུ་འཁུར་བ་རེད།
            ལྷ་ཉིང་རིམ་མཐོའི་གཞུང་ལམ་ནི་བོད་ཤར་དང་དབུས་ཕྱོགས་སུ་བསྐྱོད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་། དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན། དེས་བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་དང་། ཐོན་ལས་ཀྱི་ཚུལ་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ། ལམ་རྒྱུད་ཀྱི་མང་ཚོགས་ལ་ཕན་བདེ་བསྐྲུན་པ་བཅས་ལ་དོན་སྙིང་ཆེན་པོ་ལྡན་ཡོད། ལྷ་ས་ནས་ཉིང་ཁྲིའི་བར་གྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་400ཡོད་པ་དང་། ཚོད་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་380ཟིན་ཞིང་། ཚོད་དཔག་བྱས་ན་ད་ལོའི་ཟླ་བཅུ་པར་ལམ་ཐིག་ཧྲིལ་པོ་འགྲུབ་ནས་འཁོར་རིགས་ཤར་གཏོང་ཐུབ་རྒྱུ་དང་། དེ་དུས་ལྷ་ས་ནས་ཉིང་ཁྲི་བར་བསྐྱོད་པའི་དུས་ཚོད་ཧ་ཅང་ཐུང་དུ་འགྲོ་ངེས་རེད།
    ༄༅།།ཁྲོན་བོད་ལམ་རྒྱུད་ལྷ་ས་ནས་ཉིང་ཁྲི་བར་གྱི་རིམ་མཐོའི་གཞུང་ལམ་གྱི་མོན་ལའི་ཕུག་ལམ་
ཧྲིལ་པོ་ཡོངས་སུ་འགྲུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།