འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།འུར་རྡོའི་རྣམ་གྲངས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཐོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་26ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།འུར་རྡོའི་རྣམ་གྲངས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཐོན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་23ཉིན་བོད་རང་སྐྱོང་ལྗོངས་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འུར་རྡོའི་རྣམ་གྲངས་འགྲན་བསྡུར་ལ་དཀོན་མཆོག་ཚེ་བརྟན(མདུན)ལ་རྣམ་གྲངས་དེའི་ཨང་དང་པོ་ཐོབ་པ།
         “ངས་ཆུང་དུས་འུར་རྡོ་སྤྱད་དེ་ཕྱུགས་འཚོ་ཡི་ཡོད། ད་ཆ་དེ་འགྲན་བསྡུར་རྣམ་གྲངས་ལ་གྱུར་འདུག”
         ཚེས་23ཉིན་གྱི་ཕྱི་དྲོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སྐལ་བཟང་དཔལ་འབྱོར་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཞི་པའི་འུར་རྡོའི་རྣམ་གྲངས་ཀྱི་འགྲན་རར་སྐྱོད་སྐབས་ཕ་ཡུལ་འབྲོག་ཁུལ་དུ་སླེབས་པའི་ཚོར་སྣང་ཞིག་བྱུང་ཡོད།
         འུར་རྡོ་དང་པོ་ག་དུས་བསླས་པ་སུ་ཞིག་ལའང་ཤོད་རྒྱུ་མེད་མོད། འོན་ཀྱང་ཕྱུགས་རྫི་བ་ཚོ་ཕྱུགས་འཚོ་བར་འགྲོ་སྐབས་རྟག་ཏུ་སྐེད་པར་འུར་རྡོ་སྒྲོག་གི་ཡོད། ད་ཆ་འུར་རྡོ་བོད་ཀྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་སུ་ཐོག་མར་གྱུར་ཡོད། འགྲན་ར་དེ་མཐའ་ཡས་པའི་རྩྭ་ཐང་ནས་ཞེང་ཚད་སྨི་50དང་རིང་ཚད་སྨི་200ཡོད་པའི་རྩྭ་རར་གྱུར་པ་དང་འུར་རྡོ་འཕེན་ཡུལ་ནོར་ལུག་དང་སྲོག་ཆགས་དག་སྐར་མ་མི་འདྲ་བའི་རི་མོའི་པང་ལེབ་ཀྱིས་ཚབ་བྱས་ཡོད། བདམས་ཐོན་པ་མི་རེ་ངོ་རེས་རེས་སྐོར་རེར་འུར་རྡོ་ཐེངས་གསུམ་རེ་འཕེན་ཆོག་པ་དང་། སྐར་མ་མཐོ་ཤོས་ཀྱི་རི་མོའི་པང་ལེབ་ལ་ཕོག་ཚེ་རྒྱལ་ཁ་ཐོབ་ཀྱི་ཡོད།
         རེས་སྐོར་དང་པོའི་འགྲན་བསྡུར་མཇུག་འགྲིལ་རྗེས་ནག་ཆུ་གྲོང་ཁྱེར་གྱི་དཀོན་མཆོག་ཚེ་བརྟན་མ་གཏོགས་སྐར་མ་གཉིས་རག་མཁན་བྱུང་མེད། སྒྲིག་སྲོལ་ལ་གཞིགས་ན་ཁོང་ལ་རེས་སྐོར་དང་པོའི་ཨང་དང་པོ་ཐོབ་པ་རེད།
         “འགྲན་བསྡུར་ལ་སྤྱོད་པའི་འུར་རྡོ་དེ་ནམ་རྒྱུན་གྱི་འུར་རྡོ་དང་འདྲ་ཡི་མེད། རྡོ་ཐག་རིང་པོ་འཕེན་ཐུབ་ཀྱི་མི་འདུག”ཅེས་ལོ་34ལ་སླེབས་པའི་དཀོན་མཆོག་ཚེ་བརྟན་གྱིས་བཤད། ཁོང་གིས་ལོ་20ཡི་གོང་ང་ནི་གྲོང་ཚོར་འུར་རྡོ་འཕེན་མཁས་ཤོས་ཡིན། རོགས་པ་ཆུང་ཆུང་ཚོས་དགུན་དུས་གཙང་པོ་ནས་འཁྱགས་པ་ཆེན་པོ་བཀོག་པའམ་ཡང་ན་ཤེལ་དམ་འབེན་ལ་བྱས་ཏེ་འགྲན་བསྡུར་བྱེད་པ་དང་རྒྱུན་དུ་ང་གཟིར་ཤོས་ཡིན། ལོ་20ལྷག་ཙམ་ཕྱུགས་འཚོ་རིང་ངས་མང་ཤོས་ལ་ཉིན་བཅུ་ཉི་ཤུ་ཙམ་ལ་འུར་རྡོ་རེ་བརྗེ་ཡི་ཡོད། བཟའ་ཟླ་དང་ཨ་མས་བསླས་པའི་འུར་རྡོ་སྤྱོད་བདེ་ཤོས་རེད་འདུག་ཅེས་བཤད།
         “ད་ཆ་འུར་རྡོ་སྤྱོད་ཇེ་ཉུང་དུ་འགྲོ་ཡི་ཡོད། ཁྱིམ་དུ་འབྲོག་ལས་ཁོ་ན་གཙོ་བོར་བྱེད་ཀྱི་མེད་པ་དང་ནོར་ལུག་གི་གྲངས་འབོར་ཡང་ཉུང་དུ་སོང་བས་འུར་རྡོ་འཕེན་ནས་ནོར་ལུག་འཚོ་དགོས་ཀྱི་མེད། ནོར་ལུག་ལ་རྡོ་ཕོག་སྐབས་སྙིང་རྗེ་ཡི་འདུག”ཅེས་དཀོན་མཆོག་ཚེ་བརྟན་གྱིས་བཤད།
         ཁོང་གིས་མི་རྣམས་འགྲན་རར་འུར་རྡོ་བརྩིས་ན་ཡག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། འུར་རྡོ་འཕེན་པའི་སྒྲ་དེའང་འབྲོག་ཁུལ་བྱིས་པའི་སེམས་ལ་ནམ་ཡང་ལྷང་ལྷང་དུ་འཁོར་སྲིད།
    ༄༅།།འུར་རྡོའི་རྣམ་གྲངས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རར་ཐོན་པ།
      

    ཕྱོགས་བསྡུས་གསར་འགྱུར།