འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མང་ཚོགས་ཚོས་ལོ་ལེགས་དང་འགྱུར་ལྡོག་སྐོར་གླེང་བ།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཤིན་ཨུའོ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། དབྱར་དུས་ཀྱི་ཡར་འབྲོག་གཡུ་མཚོའི་འགྲམ་དུ་སྔོ་སིང་སིང་གི་ནས་དང་སེར་ཆིལ་ཆིལ་གྱི་པད་ཁའི་མེ་ཏོག་དེ་བས་མཚར་སྡུག་ལྡན་ཞིང་། ས་བབ་མཐོ་ཚད་སྨི་4500ཡོད་པའི་རྩྭ་ཐང་ཐོག་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྣ་དཀར་རྩེ་གྲོང་རྡལ་འདབ་ལུང་གྲོང་ལྷན་དུ་འོང་སྐོར་དུས་ཆེན་གྱི་རྟ་རྒྱུག་འགྲན་བསྡུར་བྱེད་བཞིན་ལོ་ལེགས་དུས་ཚིགས་ཀྱི་བསུ་བཞིན་མཆིས།
            ལོ་48ལ་སླེབས་པའི་ཕུར་བུ་མཚམས་གཅོད་ཀྱིས“ཁྲུང་གཞས”བཏང་ནས་ཆང་ཕོར་བཏེགས་ཏེ་རྟ་རྩལ་རུ་ཁག་ལ་ཞིམ་མངར་མཆོད་ཆང་འགྱོག་བཞིན་འདུག ལོ་ཕྱེད་ཀྱི་གོང་དུ་ཁོ་མོའི་བསམ་ཡུལ་ལས་འདས་པར་རང་གིས་བཏང་བའི“ཁྲུང་གཞས”ལ་དགའ་བསུ་དེ་ལྟར་ཐོབ་ཀྱི་རེད་བསམ་བསམ་མེད། འདབ་ལུང་གྲོང་ལྷན་དེ་ཞིང་ཆེན་ལམ་307གྱི་འགྲམ་དུ་གནས་ཡོད་པ་དང་ཡངས་ཤིང་རྒྱ་ཆེ་བའི་རྨོ་ཞིང་དང་རྩྭ་ཐང་ཡོད་པ་མ་ཟད། ཡུལ་སྐོར་གྱི་ཐོན་ཁུངས་ཀྱང་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཀྱང་། ཐོན་ལས་འདེགས་སྐྱོར་གྱི་ནུས་པ་ཐོན་མི་ཐུབ་པར་བརྟེན་མང་ཚོགས་རྣམས་དབུལ་པོའི་རྣམ་པ་ལས་སྒྲོལ་མི་ཐུབ་པར་གྱུར།
            དེ་སྔ་ཕུར་བུ་མཚམས་གཅོད་ཀྱི་ནང་མི་བཞི་པོས་ཞིང་ཁ་འདེབས་པ་དང་ཕྱུར་བ་བཙོངས་ནས་ལྟོ་རྩ་འཕྱིད་པར་བྱས། ལོ་གསར་གྱི་གོང་དུ་ཁང་པར་བཟོ་བཅོས་རྒྱག་དགོས་སྙམ་ཡང་། དངུལ་མེད་པར་བརྟེན་རང་སོར་མི་འཇོག་ཀ་མེད་བྱུང་།
            2018ལོའི་ཟླ་བ་དང་པོར་བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་གྲོང་སྡོད་ལས་དོན་རུ་ཁག་འདབ་ལུང་གྲོང་ལྷན་དུ་སླེབས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་འཐབ་ཕྱོགས་གཅིག་གྱུར་པུའི་གཞུང་དོན་ཁང་གི་ཀྲུའུ་རེན་སྐལ་བཟང་ཟླ་བས་ལས་དོན་རུ་ཁག་གི་སྣེ་འཁྲིད་དེ་གྲོང་ཚོའི་གནས་ཚུལ་བརྟག་དཔྱད་ཞིབ་འཇུག་བྱས་རྗེས། སྣོད་བཅུད་འབྲི་གཡག་གསོ་ཚགས་ཐོན་ལས་དང་སྣོད་བཅུད་སྡོད་མལ་ཤིང་འཛུགས་འདུ་འགོད་འཕེལ་རྒྱས་གཏོང་རྒྱུའི་སེམས་ཐག་བཅད་པ་དང་འབྲེལ་གཞི་རིམ་གྱི་རིག་རྩལ་བྱེད་སྒོ་སྤེལ་ནས་འདབ་ལུང་གྲོང་ཚོར་འཕེལ་རྒྱས་ཀྱི་ཐབས་ཇུས་གསར་པ་བཏིང་བ་རེད།
           བོད་ལྗོངས་ཀྱི་ལོ་གསར་གྱི་སྔ་ནུབ་ཏུ་འདབ་ལུང་གྲོང་ལྷན་གྱིས་སྣོད་བཅུད་འབྲོག་རའི་དུད་ཚང་དབུལ་པོ་མ་འཇོག་ནང་ཞུགས་པའི་མཛད་སྒོ་འཚོགས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་78དང་མཐའ་རྒྱུད་ཀྱི་དུད་ཚང་དབུལ་པོ་15ཡི་རྐང་དངུལ་དེ་གྲོང་སྡོད་ལས་དོན་རུ་ཁག་གིས་བརྩོན་ལེན་བྱས་པའི་དགེ་སྒྲུབ་མ་དངུལ་ནས་བཏང་བ་རེད། སྲིད་གཞུང་གི་དབུལ་སྐྱོར་རྣམ་གྲངས་ནས་ད་དུང་འབྲོག་རར་སྒོར་ཁྲི་200ལྷག་ཙམ་བཏང་།
           མཛད་སྒོའི་ཐོག་ཕུར་བུ་མཚམས་གཅོད་ཀྱིས་ནང་མི་ཚང་མའི་ཚབ་བྱས་ཏེ་མིང་རྟགས་བཀོད་རྗེས“ངའི་བཟའ་ཟླར་འབྲོག་ར་ནས་ལས་ཀ་ཞིག་རག་ན་སྙམ་གྱི་འདུག”ཅེས་བཤད་བྱུང་།
           ད་ཆ་ཁོ་མོའི་བསམ་འདུན་དེ་གྲུབ་ཅིང་། འབྲོག་རས་འབྲི་གཡག་142ཉོས་པ་དང་བེའུ་47སྐྱེས་པ་མ་ཟད། མང་ཚོགས་17ལ་ལས་ཀ་རག་པའི་ནང་ཕུར་བུ་མཚམས་གཅོད་ཀྱི་བཟའ་ཟླ་ཡོད་པ་རེད། ཕུར་བུ་མཚམས་གཅོད་ཀྱིས“ཉིན་གཅིག་ལ་བལ་བྲེགས་ན་སྒོར་190སྤྲོད་ཀྱི་འདུག ལྟ་ཉིན་50འགྲོ་གྲབས་འདུག ལོ་མཇུག་ཏུ་ཐོབ་ཆ་སྤྲོད་ཀྱི་འདུག་པས་གྲོང་ཁྱེར་ནང་ལས་མི་བྱེད་པས་ལས་བློ་བདེ་བ་འདུག”ཅེས་བཤད་བྱུང་།
            གཞན་ཡང་ཕུར་བུ་མཚམས་གཅོད་ཀྱི་བུ་མོ་ནི་གྲོང་ཚོའི་སྣོད་བཅུད་ནགས་ཚལ་གྱི་ནགས་སྲུང་བ་ཞིག་ཡིན་པ་དང་ཤིང་རྐང་གཅིག་གསོན་ན་གླ་ཆ་ཕུད་བྱ་དགའ་སྒོར་20སྤྲོད་ཀྱི་ཡོད། “དངུལ་མི་རག་ནའང་ཕ་ཡུལ་སྔོ་སིང་སིང་དུ་གྱུར་ན་སེམས་སྐྱིད་པོ་ཡོང་བ་འདུག”ཅེས་ཕུར་བུ་མཚམས་གཅོད་ཀྱིས་བགད་མོ་དགོད་བཞིན་དུ་བཤད་བྱུང་།
           དངུལ་ཁུག་ལྗིད་ཏིག་ཏིག་ཆགས་པ་དང་བསམ་པའི་ཤེས་དཔལ་ཡང་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཞིང་། གྲོང་སྡོད་ལས་དོན་རུ་ཁག་གིས་ཁེ་ལས་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་3བརྩོན་ལེན་བྱས་ཏེ“ཁྲུང་གཞས”ཀྱི་གསོ་སྦྱོང་གྲོན་དངུལ་དུ་བྱས། དེ་གོང་འདབ་ལུང་གྲོར་ཚོར“ཁྲུང་གཞས”གཏོང་མཁན་ཕུར་བུ་མཚམས་གཅོད་དང་ལོ་70ལ་སླེབས་པའི་རྒན་རྒོན་ཁ་ཤས་ལས་མེད། ད་ཆ་མི་20མང་དུ་ཕྱིན་པ་དང་དུས་ཆེན་དང་རྟེན་འབྲེལ་སྐབས་སུ་ཁོང་ཚོ་འབོད་མཁན་མང་བར་བརྟེན་ཕུར་བུ་མཚམས་གཅོད་ལ་སྤོབས་སེམས་ཤིག་སྐྱེས་པ་མ་ཟད། འཚོ་བའང་དོན་སྙིང་ལྡན་པ་ཞིག་ཏུ་གྱུར།
            སྐལ་བཟང་ཟླ་བས་“མང་ཚོགས་ཀྱི་རེ་སྒུག་དང་བསམ་འདུན་ནི་ང་ཚོའི་ལས་ཀའི་དམིགས་ཚད་རེད། ང་ཚོས་གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། དབུལ་སྐྱོར་ཐོན་ལས་སྟོབས་ཆེར་གཏོང་བ། སྣོད་བཅུད་ཁོར་ཡུག་སྔོ་ལྗང་ལྡན་པ། བསམ་པའི་ཉམས་འགྱུར་བཀྲག་མདངས་འཚེར་བ་བཅས་བྱས་ཏེ་འདབ་ལུང་གྲོང་ཚོ་དེ་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་ཚོར་བསྐྲུན་རྒྱུ་ཡིན”ཞེས་བཤད་བྱུང་།
            ཡུན་རིང་མ་སོང་གོང་ཁང་པ་གསར་རྒྱག་དང་ཁྱིམ་ཆས་གསར་པ་ཉོས་ནས་ཁོ་མོས་ཡུན་རིང་རེ་སྒུག་བྱེད་པའི་བསམ་འདུན་ཡོངས་སུ་གྲུབ། ལོ་ལེགས་སྙེ་མའི་རྦ་རླབས་དག་མིག་ལམ་དུ་འཕྱུར་སྐབས་ཁོ་མོའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན“འདི་ལོ་ལོ་ལེགས་ཡོང་རྒྱུ་ཉག་ཅིག་རེད”བཤད་བྱུང་། 
      

    ཕྱོགས་བསྡུས་གསར་འགྱུར།