འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཟོལ་མེད་བརྩེ་སེམས་བཅངས་ནས་ཉམས་བཟོའི་ལས་ལ་གཞོལ། 

    —— ཀྲུང་གོའི“རིག་དངོས་ཉམས་བཟོ་མཁས་ཅན”གྱིས་ཝུའུ་ཀེའི་གནའ་ཤུལ་སྲུང་སྐྱོང་བྱས་པའི་སྐོར། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་06ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཅིང་ཀྲའོ་ཡུས་ནི་ཀྲུང་གོའི་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་དང་ཀྲུང་གོ་དང་ཁམ་ཕུ་ཁྲེའི་སྲིད་གཞུང་གི་ཝུའུ་ཀེའི་གནའ་ཤུལ་སྲུང་སྐྱོང་ལས་དོན་རུ་ཁག་གི་རིག་དངོས་སྲུང་སྐྱོང་ལག་རྩལ་ཆེ་མོ་བ་ཞིག་ཡིན། 2013ལོར་ཁྲ་ཅོའོ་དགོན་དུ་ཐེངས་དང་པོ་ཡོང་དུས་ཁོང་ལོ་35ཡིན་པ་རེད། “ལས་རོགས་ཚོས་2010ལོ་ནས་ཀྲུང་གོས་ཁམ་ཕུ་ཁྲེར་རོགས་སྐྱོར་བྱེད་པའི་ཁྲ་ཅོའོ་དགོན་པའི་རྣམ་གྲངས་ཀྱི་ལས་ཀ་བྱེད་འགོ་བཙུགས་འདུག དེ་གོང་ངས་རྒྱལ་ནང་ནས་དཔྱད་གཞི་མང་པོ་བལྟས་པ་ཡིན། ཡིན་ནའང་ཁྲ་ཅོའོ་དགོན་པ་ཐོག་མར་མཐོང་དུས་དེའི་བརྗིད་ཆགས་ཀྱི་ཉམས་འགྱུར་སྐད་ཡིག་གི་ཐོག་ནས་མཚོན་པར་བྱེད་ཐབས་བྲལ་ཞིང”
          དུས་རབས་བཅུ་པའི་དུས་མཇུག་དང་དུས་རབས་བཅུ་གཅིག་པའི་དུས་འགོར་བསྐྲུན་པའི་ཁྲ་ཅོའོ་དགོན་པ་ནི་ཝུའུ་ཀེའི་གནའ་ཤུལ་ཁྲོད་བརྗིད་ཆགས་ཆེ་ཤོས་ཀྱི་རི་ཚོགས་དགོན་པའི་ཨར་སྐྲུན་གྱི་གྲས་ཤིག་ཡིན། ཁྲ་ཅོའོ་དགོན་པ་བསྐྲུན་ནས་དུས་ཡུན་རིང་པོ་སོང་ཡོད། མ་གཞི་སྐྲུན་དངོས་གཙོ་བོ་ཉར་ཚགས་ཅུང་ཡག་པོ་བྱུང་ཡོད་ནའང་རྡོ་ལས་གྲུབ་པའི་ཕོ་བྲང་དང་། ཚོམས་ཆེན། འཁྱོག་ཁྱམས། ཟུར་ལྕོག་སོགས་མང་ཆེ་བ་རྡིབ་སྐྱོན་བྱུང་བ་དང་གནས་མང་པོ་ཞིག་གི་གྲུབ་ཆར་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལྡན་ཡོད། རྡིབ་སྐྱོན་བྱུང་ནས་ཐར་ཐོར་དུ་ལྷུང་བའི་རྡོ་ལེབ་ཆིག་ཁྲི་ཡན་ཟིན་པ་མ་ཟད། དེའི་ཁྲོད་ཀྱི་མང་པོ་ཞིག་ལ་བརྐོས་དཀྲོལ་བརྒྱབ་མེད་པས། བརྐོས་རིས་ལ་གཞིགས་ནས་རྡོ་ལེབ་གཞན་དང་འབྲེལ་མཚམས་ཅི་འདྲ་ཡིན་མིན་ཤེས་ཐབས་བྲལ་ཡོད།
         “ཁྲ་ཅོའོ་དགོན་པའི་ཨར་སྐྲུན་བཟོ་བཀོད་ཤིན་ཏུ་ལེགས་པས། རྡོ་ལེབ་མི་རེ་ངོ་རེ་ཚང་མ་དམིགས་བསལ་ཤ་སྟག་ཡིན་ཞེས་བརྗོད་ཆོག གལ་སྲིད་རྡོ་ལེབ་གཅིག་སྒྲིག་སྟངས་མི་འགྲིག་ནའང་རྩིག་པ་རྒྱག་སྐབས་སྲུབས་ཀ་རིམ་བཞིན་ཆེ་རུ་ཕྱིན་ནས་གནད་སྨིན་ཉམས་བཟོ་བྱེད་ཐབས་བྲལ་བས། རྩིག་པ་བཤིག་སྟེ་བསྐྱར་དུ་རྒྱག་རྒྱུ་ལས་མ་འདས། ང་ཚོའི་ལས་ཀའི་གཙོ་གནད་ནི‘བཙལ་འཚོལ’དང‘སྒྲིག་སྦྱོར’བྱ་རྒྱུ་སྟེ། རྡིབ་སྐྱོན་ཤོར་སར་མཁོ་བའི་རྡོ་ལེབ་བཙལ་ནས་དེ་སྔའི་ས་དེར་སྒྲིག་རྒྱུ་དེ་ཡིན”ཞེས་ཅིང་ཀྲའོ་ཡུས་ཀྱིས་དེ་ལྟར་བཤད།
         ཉམས་བཟོའི་བརྒྱུད་རིམ་རྙོག་འཛིང་ཆེ་ལ་དུས་ཡུན་ཧ་ཅང་རིང་པོ་འགོར་གྱི་ཡོད། ལོ་བརྒྱད་རིང་ཐིག་ལེན་རིས་འབྲི་དང་། ས་གཤིས། གནའ་རྫས་རྟོག་ཞིབ། ཨར་སྐྲུན། སྐྱེ་དངོས་སོགས་རིག་ཚན་མང་པོའི་རིགས་གཅིག་མཁས་ཅན་གྱིས་ས་གནས་ས་ཐོག་ཏུ་བསྐྱོད་ནས་ཁྲ་ཅོའོ་དགོན་པའི་ཉམས་བཟོའི་ལས་གྲྭར་ཉིན་མཚན་ལྟོས་མེད་ངང་འབད་འཐབ་བྱས་ཡོད།
         ཅིང་ཀྲའོ་ཡུས་ཀྱིས་གློག་ཀླད་ཐོག་ནས་གསར་འགོད་པར་བརྙན་རིས་ཀྱི་གྲངས་གཞིའི་མཛོད་དང་གློག་ཀླད་སྤྱད་དེ་བཟོས་པའི་ཁྲ་ཅོའོ་དགོན་པའི་ཆ་ཤས་ཁག་གཅིག་གི་3Dའདྲ་བཟོའི་རི་མོ་བསྟན། “ང་ཚོས་གློག་ཀླད་ཐོག་རྡོ་མི་རེ་ངོ་རེའི་ཆེ་ཆུང་དང་རྡོའི་དབར་གྱི་སྲུབས་ཀའི་ཞེང་ཚད་ཞིབ་ཚགས་གནད་འཁེལ་ངང་ཚད་ལེན་བྱེད་ཆོག ཞིབ་ཚགས་ཤིང་གནད་ལ་འཁེལ་བའི་ངང་དཔེ་དབྱིབས་འདྲ་བཟོ་བྱས་པ་བརྒྱུད་རྡིབ་སྐྱོན་དང་ཉིལ་བའི་རྡོའི་ཁྲོད་ནས་གནས་དེ་རང་ལ་འཚམ་པའི་རྡོ་དེ་བཙལ་རྗེས་ཡང་བསྐྱར་ཡག་པོ་སྒྲིག་དགོས”ཞེས་བཤད།
          ཡིན་ནའང་དངོས་སུ་ཉམས་བཟོ་བྱེད་སྐབས་དེ་སྔའི་རྡོ་མང་པོ་ཞིག་རྙེད་ཐབས་བྲལ་བའམ་ཡང་ན་ཧྲུག་ཆག་ཐེབས་ནས་སྤྱོད་ཐབས་བྲལ་བས། ངེས་པར་དུ་རྡོ་གསར་པ་ཁ་གསབ་བྱེད་དགོས་ཀྱི་ཡོད།
         ཅིང་ཀྲའོ་ཡུས་དང་ལས་རོགས་ཚོས་ཆེད་མངགས་ལོ་ངོ་ཆིག་སྟོང་ལྷག་གོང་ཝུའུ་ཀེ་བསྐྲུན་སྐབས་ཀྱི་རྡོ་གཤག་ར་བར་རྡོ་འཚོལ་བར་བསྐྱོད་པ་དང་ཆབས་ཅིག་རིག་དངོས་ཀྱི་སྔར་ཡོད་རྣམ་པར་སྐྱོན་མི་རྒྱག་པ་དང་འགྱུར་ལྡོག་མི་གཏོང་བ་བྱེད་གང་ཐུབ་ཀྱི་རྩ་དོན་ལ་དོ་སྣང་བྱས་ཏེ་སྔར་ཡོད་ཀྱི་རྨང་གཞིའི་ཐོག་ཉམས་བཟོ་བྱས་ནས་ཉམས་བཟོའི་ལས་གྲྭ་ཧྲིལ་པོར་མཁོ་བའི་རྡོ་གསར་པ་15%ནང་ཚུན་དུ་ཚོད་འཛིན་བྱས་ཡོད།
          ཀྲུང་གོས་ཁམ་ཕུ་ཁྲེར་རོགས་སྐྱོར་བྱེད་པའི་ཝུའུ་ཀེའི་གནའ་ཤུལ་སྲུང་སྐྱོང་འདུ་འགོད་དུས་རབས་གོང་མའི་ལོ་རབས་90པ་ནས་འགོ་བཙུགས་པ་དང་སྔ་རྗེས་སུ་ཀྲོའུ་གསར་ལྷ་ཁང་དང་ཁྲ་ཅོའོ་དགོན་ཉམས་བཟོ་བྱས་ཡོད། ཁམ་ཕུ་ཁྲེའི་རིག་གནས་སྒྱུ་རྩལ་བློན་ཆེན་ཕེང་ས་ཀེ་ནཱ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར“ཀྲུང་གོས་ཁམ་ཕུ་ཁྲེར་ཝུའུ་ཀེའི་གནའ་ཤུལ་སྲུང་སྐྱོང་བྱེད་རོགས་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་རིགས་གཅིག་མཁས་ཅན་གྱི་རིག་དངོས་ཉམས་བཟོའི་ཆུ་ཚད་ཧ་ཅང་མཐོ་པོ་ཡིན་པས་རྒྱལ་སྤྱིའི་ཁས་ལེན་ཐོབ་ཡོད། དེས་མ་ཟད་ཁམ་ཕུ་ཁྲེའི་རིག་དངོས་ཉམས་བཟོ་བས་ཀྲུང་གོའི་རིགས་གཅིག་མཁས་ཅན་དང་མཉམ་ལས་བྱས་ཏེ་སློབ་སྦྱོང་སྤེལ་རེས་བྱེད་པའི་གོ་སྐབས་མང་དུ་ཕྱིན་ཡོད”ཅེས་བཤད།
         2018ལོའི་ཟླ་1པོར་ཀྲུང་ཁམ་དབར་《ཝུའུ་ཀེའི་གནའ་ཤུལ་གྱི་རྒྱལ་པོའི་ཕོ་བྲང་གི་རྗེས་ཤུལ་ཉམས་བཟོའི་རྣམ་གྲངས་ལག་ལེན་སྐོར་གྱི་རྣམ་གྲངས་འཛུགས་པ་དང་ཡིག་ཆ་བརྗེ་སྤྲོད་》ལ་མིང་རྟགས་བཀོད་པ་དང་། རྣམ་གྲངས་གསར་པའང་འདི་ལོ་ལས་འགོ་འཛུགས་རྒྱུ་རེད། དེ་ལས་ཁམ་ཕུ་ཁྲེ་སྲིད་གཞུང་གིས་ཝུའུ་ཀེའི་གནའ་ཤུལ་གྱི་ཆེས་ལྟེ་བའི་ཆ་ཤས་ཡིན་པའི་རྒྱལ་པོའི་ཕོ་བྲང་གི་རྗེས་ཤུལ་ཀྲུང་གོའི་རུ་ཁག་ལ་ཉམས་བཟོ་བྱེད་པར་རྩིས་སྤྲད་པ་མཚོན་གྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།