འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ལྷག་བསམ་རྣམ་དག་གིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་24ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་20ཉིན། སེ་ནེ་ཀལ་གྱི་རྒྱལ་ས་ཏ་ཁར་གྱི་ཁྲོམ་གཞུང་དུ་ཚགས་པར་ཞིག་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་རེད། སེ་ནེ་ཀལ་གྱི་གཞུང་ཕྱོགས་ཚགས་པར་《ཉི་མའི་ཚགས་པར》གྱི་པར་ངོས་དང་པོའི་རྩོམ་ཡིག་དང་པོ་དང་པར་ངོས་གསུམ་པའི་གསར་འགྱུར་གལ་ཆེན་གནས་སར་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་《ཀྲུང་གོ་དང་སེ་ནེ་ཀལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་》ཞེས་པ་བཀོད་པ་དང་སྦྲགས་པར་ངོས་8ཀྱི་《ཀྲུང་གོའི་ཆེད་སྒྲིག་པར་ངོས་》བཏོན་ཡོད་པ་རེད།
         《ཉི་མའི་ཚགས་པར་》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་དབྱི་ཕུ་ལཱ་ཤི་མཱ·མུའུ་པོ་ཅེས་འདི་ག་ཚགས་པར་གྱི་གསར་འགོད་པར་འདི་ནི་སེ་ནེ་ཀལ་སྨྱན་སྦྱོར་གྱི་ལོ་རྒྱུས་ཐོག་ཕྱོགས་ཡོངས་ནས་ཀྲུང་གོ་ངོ་སྤྲོད་བྱེད་ཐེངས་དང་པོ་རེད། ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་གི“ཀློག་པ་པོ་དང་པོ”མུའུ་པོ་ཅེ་ཡིས་རྩོམ་ཡིག་གི་ཁ་བྱང་མཐོང་སྐབས་སེམས་ལ་ལྷག་བསམ་རྣམ་དག་གི་ཚོར་སྣང་ཞིག་སྦྱིན་བྱུང་། “མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན”ཞེས་པ་དེ་ས་གནས་དེ་གའི་ཝོ་ལུའོ་ཕུའུ་ཡི་སྐད་ཡིག་ནས་བྲིས་ཡོད། “ཚིག་འདི་འདྲ་སྤྱོད་པ་ནི་ཧ་ཅང་གསོན་ཉམས་ལྡན་ལ་ཀྲུང་གོ་དང་སེ་ནེ་ཀལ་ལག་གདང་དམ་པོར་སྦྲེལ་བ་མཚོན་ཡོད། ང་ཚོ་ལག་གདང་དམ་པོར་སྦྲེལ་སྐབས་ང་ཚོས་འབྱུང་འགྱུར་ལ་ཕྱོགས་ཐུབ་པ་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་ཐུབ། མཚན་བཀོད་རྩོམ་ཡིག་འདི་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སེ་ནེ་ཀལ་རིག་གནས་ལ་ཐུགས་རྒྱུས་ཆེན་པོ་ཡོད་པ་མཐོང་ཐུབ་པ་དང་སེ་ནེ་ཀལ་གྱི་ཀློག་པ་པོས་རྩོམ་ཡིག་ཀློག་རིང་ཚོར་སྣང་ཟབ་མོ་ཞིག་ཀྱང་ཡོང་སྲིད་ཅེས་བཤད།
         མུའུ་པོ་ཅེས་ཆེད་སྒྲིག་པར་ངོས་ཐོག《སྟོབས་ཤུགས་དང་གསོན་ཤུགས》ཞེས་པའི་དཔྱད་གཏམ་བཀོད་ཅིང་། ཁོང་གིས་ཀྲུང་གོ་ནི་སེ་ནེ་ཀལ་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པ་དང་ཕྱི་རྒྱལ་ཚོང་པའི་ཐད་ཀའི་མ་འཇོག་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་རེད། ཀྲུང་སེ་རྒྱལ་ཁབ་གཉིས་ཀྱིས་མྱུར་བགྲོད་གཞུང་ལམ་དང་བཟོ་ལས་གླིང་སོགས་ཁྱབ་ཁོངས་ཐད་མཉམ་ལས་རབ་དང་རིམ་པ་བྱས་པ་ལས་སེ་ནེ་ཀལ་དང་ཀྲུང་གོའི་མཉམ་ལས་ཀྱི་གསོན་ཤུགས་གང་ལེགས་ར་སྤྲོད་ཐུབ་ཡོད། “ཀྲུང་གོས་བཏོན་པའི་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་ནི་སེ་ནེ་ཀལ་དང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་རེད། མཉམ་ལས་འདི་རིགས་ཀྱིས་ཨ་ཧྥེ་རི་ཁ་དེ་བས་རང་ཚུགས་ངང་འཕེལ་རྒྱས་འགྲོ་བ་དང་འབྲེལ་ནུབ་ཕྱོགས་ཕྱོགས་གཏོགས་ཁག་གཅིག་གི་འགོག་རྐྱེན་ལས་བྲལ་ཐུབ་ངེས། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་ལས་ཀྱིས་ཐུན་མོང་འཕེལ་རྒྱས་ཀྱི་མིག་དཔེ་བཏོད་ཡོད་པས་ང་ཚོས་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་དགའ་བསུ་ཞུ་ཞེས་བརྗོད་རྒྱུ་ཡིན”ཞེས་བཤད།
         “ཀྲུང་གོའི་མ་འཇོག་ཁེ་ལས་40དང་། ལས་ཞུགས་ལས་གནས་3000 ནུབ་ཨ་ཧྥེ་རི་ཁའི་ཧྥ་ལང་དུང་ཕྱུར་1170(མི་དམངས་ཤོག་སྒོར་གཅིག་དང་ནུབ་ཨ་ཧྥེ་རི་ཁའི་ཧྥ་ལང་83མཚུངས་ཀྱི་ཡོད)མ་དངུལ་བཏང་བ་དེ་དག་ཚང་མ་ནི་ང་ཚོའི་མཉམ་ལས་འབྲས་བུ་ལས་བྱུང་བ་རེད། ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་སེ་ནེ་ཀལ་དུ་མ་དངུལ་བཏང་ནས་ལས་ཞུགས་དང་རྒྱུ་ནོར་བཏོད་དེ་སེ་ནེ་ཀལ་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད”ཅེས་བཤད། ཁོང་ཚོས་པར་ངོས་ཀྱི་མངོན་གསལ་དོད་སར་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་རྩོམ་ཡིག་བཀོད་པ་དང《ཀྲུང་གོའི་ཆེད་བསྒྲིགས་པར་ངོས》དཔེ་སྐྲུན་བྱས་ཏེ་དམངས་ཚོགས་དེ་བས་མང་བས“ཀྲུང་གོ་ནི་ཨ་ཧྥེ་རི་ཁ་དང་མཉམ་ལས་གཉིས་ཕན་བྱེད་མཁན་རྒྱལ་ཁབ་ཡིན་པ་དང་ཀྲུང་གོས་ལྷག་བསམ་རྣམ་དག་ངང་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་ཤེས་སུ་འཇུག་རྒྱུའི་རེ་བ་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།