འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོང་དོན་པུས་འབྲུབ་དུས་ཀྱི་འཚོ་བའི་མཁོ་ཆས་ཀྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ཡག་པོ་
    བྱེད་དགོས་ཞེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་24ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། རང་རྒྱལ་གྱི་ས་ཆ་མང་པོ་ཞིག་ཏུ་དྲག་ཆར་བབས་ནས་འབྲུབ་འགོག་དང་། ཆུ་ལོག་སྔོན་འགོག རྒྱ་མཚོའི་རླུང་འཚུབ་སྔོན་འགོག་བཅས་ཀྱི་དུས་བབ་ཛ་དྲག་པོ་ཡོད་སྟབས། ཚོང་དོན་པུས་ཉེ་དུས་བརྡ་ཐོ་བཏང་ནས། ས་ཁུལ་ཁག་གི་ཚོང་དོན་སྡེ་ཚན་ལ་བྱེད་ཐབས་ནུས་ལྡན་སྤྱད་དེ་འབྲུབ་དུས་ཀྱི་འཚོ་བའི་མཁོ་ཆས་ཀྱི་ཁྲོམ་རའི་མཁོ་སྤྲོད་ནུས་ཤུགས་ཡོད་རྒུས་འགན་ལེན་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         གཅིག་ནས་འབྲུ་རིགས་དང་། སྣུམ། ཤ སྒོ་ང་། སྔོ་ཚལ། འོ་མ་སོགས་འཚོ་བའི་མཁོ་ཆས་དང་བཅོས་སྣུམ་སོགས་ཚོང་ཟོག་གི་ཁྲོམ་རའི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། གནོད་འཚེ་ཕོག་ཁྱོན་ཆེ་བ་དང་ཕོག་ཚབས་ཆེ་བའི་ས་ཁུལ་དུ་འཚོ་བའི་མཁོ་ཆས་ཀྱི་ཁྲོམ་རའི་ལྟ་ཞིབ་ཚད་ལེན་གྱི་ཉིན་རེར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་བྱེད་འགོ་འཛུགས་དགོས་པ་དང་། གཉིས་ནས་ཁྲོམ་རའི་སྒོ་རྩིས་ཚོང་ཁང་དང་། གྲོང་སྡེའི་ཚོང་ར། སྡེབ་ཚོང་ཁྲོམ་ར། སྡེབ་སྐྱེལ་ལྟེ་གནས། གསོག་འཇོག་མཛོད་ཁང་། སྣུམ་སྣོན་ས་ཚིགས་སོགས་གཙོ་གནད་ཚོང་དོན་འཁོར་རྒྱུག་ཁེ་ལས་ཀྱི་འབྲུབ་འགོག་སྒྲིག་ཆས་ལ་སླར་ཡང་ཞིབ་བཤེར་བྱེད་པ་དང་། དུས་ཐོག་ཏུ་མངོན་མེད་རྐྱེན་ངན་བསལ་ནས་འབྲུབ་འགོག་གི་དངོས་ཟོག་འདང་ངེས་དང་སྒྲིག་བཀོད་སྒྲིག་ཆས་ཡག་པོ་ཡོད་པའི་འགན་ལེན་བྱེད་དགོས། གསུམ་ནས་སྡེབ་ཚོང་ཁྲོམ་ར་དང་། སྒོ་རྩིས་ཚོང་ཁང་ཆེ་གྲས་དང་འབྲིང་གྲས། འཕྲལ་སྡོམ་ཚོང་ཟོག་བཅས་ཀྱི་གཙོ་གནད་འབྲེལ་གཏུག་ཁེ་ལས་ལ་མཛུབ་ཁྲིད་བྱས་ནས། འབྲུ་རིགས་དང་། སྣུམ། ཤ སྔོ་ཚལ་སོགས་འཚོ་བའི་མཁོ་ཆས་དང་འབྲུབ་འགོག་གེགས་སེལ་གྱི་དངོས་ཟོག་མཛོད་འཇུག་བྱེད་ཚད་འོས་འཚམ་ངང་མང་དུ་གཏོང་དགོས་པ། བཞི་ནས་ཚོང་ཟོག་བསྡུ་འགྲེམ་ལྟེ་གནས་དང་འཕྲལ་སྡོམ་འདོན་སྤྲོད་དྲ་ཚིགས་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། འདོན་སྤྲོད་དྲ་རྒྱ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། ལྔ་ནས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཐོན་པའི་རྐྱེན་གྱིས་ཁྱབ་རྒྱ་ཆེ་བའི་ཚོང་ལས་དྲ་ཚིགས་ལས་གཉེར་བྱེད་ཐབས་བྲལ་བའི་ཚབས་ཆེའི་གནས་ཚུལ་ལ་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱད་དེ་གནས་སྐབས་དང་སྐོར་སྐྱོད་ཀྱི་ཚོང་ལས་ཁྲོམ་བཀྱག་བཙུགས་ནས་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་བྱེད་དགོས་པ་བཅས་སོ།།
      

    ཕྱོགས་བསྡུས་གསར་འགྱུར།