འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒན་ཡོལ་ཞུས་པའི་ཕུལ་བྱུང་དགེ་རྒན་ཁྲི་1གྲོང་གསེབ་ཀྱི་འོས་འགན་སློབ་
    གསོའི་སློབ་གྲྭར་སློབ་ཁྲིད་བྱེད་མཁན་ལ་བསྡུ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་24ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས། 《ལོ་དྲུག་ཅུར་སླེབས་པའི་དགེ་རྒན་གྱི་སློབ་ཁྲིད་འཆར་གཞིའི་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་ཏེ། 2018ལོ་ནས་2020ལོའི་བར་སྤྱི་ཚོགས་ཡོངས་ནས་རྒན་ཡོལ་ཞུས་པའི་སློབ་སྤྱི་དང་། སློབ་དཔྱོད་པ། རིམ་པ་མཐོ་བའི་དགེ་རྒན། དགེ་རྒན་ཆེ་མོ་བ་སོགས་ཕུལ་བྱུང་དགེ་རྒན་10000གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭར་སློབ་ཁྲིད་བྱེད་མཁན་ལ་ཡོངས་བསྒྲགས་ངང་བསྡུ་རྒྱུ་དང་། སློབ་ཁྲིད་དགེ་རྒན་ཁག་དང་པོ་2018ལོའི་སྟོན་དུས་སུ་ལས་གནས་ཐོག་འབྱོར་རྒྱུ་ཡིན་ཞིང་། དེ་ནི་གསར་འགོད་པར་ཚེས་20ཉིན་ཤེས་རྟོགས་བྱུང་བ་ཞིག་རེད།
         “ལོ་60ལ་སླེབས་པའི་དགེ་རྒན་གྱི་སློབ་ཁྲིད་འཆར་གཞིའི”དམིགས་ཡུལ་ནི། རྒན་ཡོལ་ཞུས་པའི་ཕུལ་བྱུང་དགེ་རྒན་གྱི་སྣེ་ཁྲིད་དཔེ་སྟོན་ནུས་པ་འདོན་སྤེལ་བྱ་ཆེད་རེད། བརྡ་ཐོའི་ནང“ལོ་60ལ་སླེབས་པའི་དགེ་རྒན་གྱི་སློབ་ཁྲིད་འཆར་གཞི”ལག་ལེན་བསྟར་ཡུལ་གཙོ་བོ་ནི་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་དམིགས་བསལ་དཀའ་ངལ་ཆེ་བའི་ཡུག་འབྲེལ་ས་ཁུལ་གྱི་རྫོང་དང་། རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་། ཞིང་ཆེན་རིམ་པའི་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་། ཤིན་ཏུ་དབུལ་བའི་རྫོང་། མི་རིགས་རྫོང་དབུལ་པོ། གསར་བརྗེའི་གནས་རྙིང་ཁུལ་གྱི་རྫོང་། མཐའ་མཚམས་རྫོང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་དཀའ་ངལ་ཡོད་པའི་ཐོན་སོགས་ཡིན་པ་དང་། གཙོ་བོ“ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཟིགས་སྐྱོང་བྱ་རྒྱུ་དང་། རོགས་སྐྱོར་བྱ་ཡུལ་སློབ་གྲྭ་ནི་རྫོང་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་སློབ་གྲྭ་ཡིན་པ་དང་། “ལོ་60ལ་སླེབས་པའི་དགེ་རྒན་གྱི་སློབ་ཁྲིད་འཆར་གཞི”རེ་ཞུ་བྱེད་མཁན་རྒལ་ཡོལ་ཞུས་པའི་དགེ་རྒན་ཁྲོད་སློབ་སྤྱི་དང་། སློབ་དཔྱོད་པ། རིམ་པ་མཐོ་བའི་དགེ་རྒན། རྐང་འཛིན་དགེ་རྒན་བཅས་གཙོ་བོར་བྱེད་པ་དང་། ལོ་ན་སྤྱིའི་ཆར་ལོ་65(ལོ་65ཚུད་པ)མན་ཡིན་དགོས་པ། རྩ་དོན་ཐོག་འབྲིང་རིམ་དང་དེ་ཡན་གྱི་དགེ་རྒན་གྱི་གོ་མིང་ལྡན་དགོས་པ་དང་དེ་སྔའི་ལས་ཁུངས་ཀྱིས་བསྐྱར་དུ་གདན་ཞུ་བྱས་པའི་རྒན་ཡོལ་ཞུས་པའི་དགེ་རྒན་དག་ད་ཐེངས་ཀྱི་སློབ་ཁྲིད་འཆར་གཞིའི་ནང་འཇུག་རྒྱུ་མིན་པ་རེད།
         འགན་ལེན་བྱེད་ཐབས་ཐད་སློབ་ཁྲིད་དགེ་རྒན་གྱི་ཞབས་ཞུ་བྱེད་རིང་གི་མི་དོན་འབྲེལ་བ་དང་ད་ལྟ་ལོངས་སྤྱོད་བྱེད་པའི་རྒན་ཡོལ་ཞུས་པའི་ཐོབ་ཐང་ལ་འགྱུར་བ་མེད་པ་དང་། ཟླ་རེ་བཞིན་ལས་ཀའི་འགྲོ་གྲོན་སྤྲད་དེ་ལས་ཀའི་ཁ་གསབ་དང་། གཞུང་དོན་ལམ་གྲོན། བསམ་ཡུལ་ལས་འདས་པའི་ལས་འཛོལ་གྱི་འགན་བཅོལ་ཉོ་བ་སོགས་ལ་སྤྱོད་རྒྱུ་རེད། སློབ་ཁྲིད་དགེ་རྒན་གྱི་ལས་ཀའི་གྲོན་དངུལ་ནི་ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་ཀྱིས་མི་རེར་ཆ་སྙོམས་སྒོར་ཁྲི་2ཀྱི་ཚད་གཞིར་གཞིགས་ཏེ་མཉམ་དུ་སྤྲོད་རྒྱུ་རེད། རོགས་སྐྱོར་བྱ་ཡུལ་རྫོང་གིས་སློབ་ཁྲིད་དགེ་རྒན་ལ་ཞག་སྡོད་ཉལ་ཁང་མཁོ་འདོན་དང་དགོས་ངེས་ཀྱི་འཚོ་བའི་སྒྲིག་བཀོད་གྲ་སྒྲིག་བྱེད་དགོས་ཀྱི་ཡོད། སློབ་ཁྲིད་བྱེད་རིང་སློབ་ཁྲིད་ཡག་པོ་བྱེད་མཁན་ལ་ལེགས་འདེམས་གཟེངས་བསྟོད་སོགས་སྔོན་ལ་བསམ་བློ་གཏོང་རྒྱུ་དང་འབྲེལ་ཡོད་གཏན་འབེབས་ལྟར་གཟེངས་བསྟོད་དང་བྱ་དགའ་ཡང་སྤྲོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།