འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་སྐྲུན་རོགས་བྱས་པའི་སི་རི་ལན་ཁའི་མཁལ་ནད་སྨན་ཁང་སྐྲུན་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་24ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཀྲུང་གོ་སྲིད་གཞུང་གིས་སྐྲུན་རོགས་བྱས་པའི་སི་རི་ལན་ཁའི་རྒྱལ་ཁབ་མཁལ་ནད་ཆེད་ཚན་སྨན་ཁང་སྐྲུན་འགོ་ཚུགས་པའི་མཛད་སྒོ་པོ་ལུང་ནཱ་ལུ་ཝོར་འཚོགས་པ་རེད། སི་རི་ལན་ཁའི་ཙུང་ཐུང་ཤིས་ལེ་སའེ་ནཱ་དང་། འཕྲོད་བསྟེན་པུའུ་ཀྲང་སའེ་ནཱ་ལ་ཐེ་ནཱ། སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེང་ཞུའེ་ཡོན་སོགས་མཛད་སྒོར་ཞུགས་པ་རེད།
         ཤིས་ལེ་སའེ་ནཱ་ཡིས་པོ་ལུང་ནཱ་ལུ་ཝོ་ས་ཁུལ་ནི་སི་རི་ལན་ཁའི་མཁལ་གཅོང་ནད་མང་ཤོས་ཀྱི་ས་ཁུལ་ཞིག་རེད། རྒྱལ་ཁབ་མཁལ་ནད་ཆེད་ཚན་སྨན་ཁང་དེ་གར་བསྐྲུན་རྗེས་ས་ཁུལ་དེ་གར་ཕན་པ་ཐོབ་རྒྱུ་མ་ཟད། ད་དུང་རྒྱལ་ཁབ་ཡོངས་ཀྱི་མི་དམངས་ལའང་ཕན་པ་ཐོབ་རྒྱུ་རེད། ཀྲུང་གོ་སྲིད་གཞུང་གིས་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྨན་ཁང་དེ་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་དུ་སྒྲིག་ཆས་ཡག་ཤོས་ཀྱི་སྨན་ཁང་དུ་འགྱུར་རྒྱུ་རེད་ཅེས་བཤད།
         ཁྲེང་ཞུའེ་ཡོན་གྱིས་པོ་ལུང་ནཱ་ལུ་ཝོའི་རྒྱལ་ཁབ་མཁལ་ནད་ཆེད་ཚན་སྨན་ཁང་ནི་ཀྲུང་གོ་དང་སི་རི་ལན་ཁ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་མཉམ་དུ་ཐུགས་ཐག་བཅད་པའི་མཉམ་ལས་རྣམ་གྲངས་ཤིག་རེད། ཀྲུང་གོས་མཁལ་ནད་སྔོན་འགོག་དང་། སྨན་བཅོས། ཞིབ་འཇུག་བཅས་ལ་སི་རི་ལན་ཁར་རོགས་རམ་བྱ་རྒྱུ་ཡིན། ལོ་གཉིས་སོང་རྗེས་དེ་གར་དེང་རབས་ཅན་དང་སྤུས་ཚད་མཐོ་བའི་མཁལ་ནད་ཆེད་ཚན་སྨན་ཁང་ཞིག་ཐོན་རྒྱུ་རེད། དེས་ཉེ་འཁོར་ས་ཁུལ་གྱི་མཁལ་ནད་སྒོ་བསྟེན་སྨན་བཅོས་ཁང་དང་མཉམ་འབྲེལ་བྱས་ཏེ་སི་རི་ལན་ཁའི་མཁལ་ནད་སྨན་བཅོས་ལྟེ་གནས་སུ་འགྱུར་རྒྱུ་རེད་ཅེས་བཤད།
        སི་རི་ལན་ཁའི་གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་སི་རི་ལན་ཁའི་རྒྱལ་ཡོངས་སུ་མཁལ་ནད་ཕོག་པའི་མི་གྲངས་ཁྲི་7ཙམ་ཡོད་པ་དང་ལོ་ལྟར་མཁལ་ནད་ཕོག་ནས་ཤི་བའི་མི་གྲངས་སྟོང་ལས་བརྒལ་གྱི་ཡོད། དེའི་ཁྲོད་པོ་ལུང་ནཱ་ལུ་ཝོ་ཚུད་པའི་དབུས་བྱང་རྒྱུད་ཀྱི་ཐན་ཁུལ་ནི་མཁལ་ནད་ཐོན་མང་ཤོས་ཀྱི་ས་ཁུལ་རེད།
         2015ལོའི་ཟླ་བ་གསུམ་པར་ཙུང་ཐུང་ཤིས་ལེ་སའེ་ནཱས་ཀྲུང་གོར་འཚམས་འདྲི་བྱེད་རིང་སི་རི་ལན་ཁ་ཕྱོགས་ཀྱི་རེ་བ་ལྟར་ཀྲུང་གོ་ཕྱོགས་ཀྱིས་སི་རི་ལན་ཁའི་པོ་ལུང་ནཱ་ལུ་ཝོ་ས་ཁུལ་དུ་མཁལ་ནད་སྨན་ཁང་གཅིག་རོགས་སྐྲུན་བྱ་རྒྱུའི་མོས་མཐུན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།