འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཕྱོགས་ཀྱིས“དམངས་སྤྱོད་ཉིང་རྡུལ་མཉམ་ལས་བརྒྱུད་ཨ་རིའི་ལག་རྩལ་ཐོབ་
    ཐབས་བྱས་ཡོད”ཅེས་ཨ་རིའི་དཔོན་རིགས་ཀྱིས་སྐྱོན་འཛུགས་བྱས་པར་ཁུངས་ལུང་གང་
    ཡང་མེད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་21ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་19ཉིན། ཀྲུང་གོས་དམངས་སྤྱོད་ཉིང་རྡུལ་མཉམ་ལས་སོགས་ཀྱི་ཐབས་ལམ་བརྒྱུད་ཨ་རིའི་སྔོན་ཐོན་ལག་རྩལ་ཐོབ་ཐབས་བྱས་ཡོད་ཅེས་ཨ་རིའི་དཔོན་རིགས་ཀྱིས་བཤད་པར་དམིགས་ནས་ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཁུངས་ལུང་སྤུ་ཙམ་མེད་པ་དང་འགན་འཁྲི་མི་འཁུར་བའི་ཨ་རིའི་སྐྱོན་འཛུགས་ལ་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
          དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་དོན་ཁང་གི་རྒྱལ་སྤྱིའི་བདེ་འཇགས་དང་ཁྱབ་འགོག་ལས་དོན་གྱི་འགན་འཁུར་མཁན་ལས་རོགས་རྒྱལ་དོན་བློན་ཆེན་ཕུའུ་ཐེས་ཉེ་ཆར་ཀྲུང་གོས་ཨ་རིའི་ཕྱིར་གཏོང་ཚོད་འཛིན་གྱི་སྲིད་ཇུས་ལས་ཆེད་མངགས་གཡོལ་ཐབས་བྱས་ནས་དམངས་སྤྱོད་ཉིང་རྡུལ་མཉམ་ལས་སོགས་ཀྱི་ཐབས་ལམ་བརྒྱུད་ཁྲིམས་མཐུན་ནམ་ཡང་ན་ཁྲིམས་འགལ་ངང་ཨ་རིའི་སྔོན་ཐོན་ལག་རྩལ་ཐོབ་ཐབས་བྱས་པ་དང་སྦྲགས་དམག་དམངས་མཉམ་འདྲེས་བརྒྱུད་དམག་དོན་དམིགས་ཡུལ་དུ་བརྒྱུད་བཀོལ་བྱས་ཏེ་རྒྱལ་ཁབ་ཆེན་པོའི་འགྲན་རྩོད་ལ་ཞབས་འདེགས་ཞུ་གི་ཡོད་ཅེས་བཤད་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
         ཧྭ་ཁྲུན་ཡིང་གིས་ཨ་རི་ཕྱོགས་ཀྱི་དཔོན་རིགས་ཀྱིས་ཀྲུང་གོ་ཕྱོགས་ལ་སྐྱོན་འཛུགས་བྱས་པ་ནི་ཁུངས་ལུང་གང་ཡང་མེད་པ་དང་འགན་མི་འཁུར་བ་ཞིག་ཡིན་པས་དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཧྭ་ཁྲུན་ཡིང་གིས། དང་པོ། གཞི་ཁྱོན་ཆེ་བའི་བསད་རྨས་རང་བཞིན་གྱི་གོ་མཚོན་དང་དེའི་སྐྱེལ་འདྲེན་ཡོ་ཆས་ཁྱབ་འགྱེད་འགྲོ་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་ཁྱབ་འགོག་འོས་འགན་དང་འབྲེལ་ཡོད་རྒྱལ་སྤྱིའི་ཁས་ལེན་ལག་བསྟར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ཕྱོགས་ཡོངས་དང་ཆ་ཚང་བའི་ངང་ལག་ལེན་བསྟར་ནས་རྒྱལ་སྤྱིའི་ཁྱབ་འགོག་འཕེལ་རིམ་ནང་ཧུར་ཐག་ཞུགས་ཀྱི་ཡོད། ལོ་མང་རིང་། ཀྲུང་གོས་ཚད་མཐོའི་འགན་ཁུར་བའི་རྣམ་འགྱུར་གྱི་ཐོག་ནས་ཁྱབ་འགོག་དང་ཕྱིར་གཏོང་ཚོད་འཛིན་གྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ནང་དུ་དོ་དམ་བྱེད་པ་ཡིན་ཡང་རུང་། ཡང་ན་ཕྱིར་གཏོང་ཚོད་འཛིན་ཐད་ཚང་མར་ཀྲུང་གོ་སྲིད་གཞུང་གིས་དོ་དམ་བྱ་ཐབས་ནན་པོ་སྤྱོད་པ་དང་། འབྲེལ་ཡོད་ཁྲིམས་སྲོལ་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཏེ་རྒྱལ་སྤྱིའི་ཁྱབ་འགོག་མ་ལག་སྲུང་སྐྱོང་བྱས་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱས་པ་དང་འབྲེལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
        ད་དུང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གང་ཞིག་གིས་ཞི་བདེའི་ཆེད་ཉིང་རྡུལ་སྤྱོད་རྒྱུར་ཁ་གཡར་ནས་ཁྱབ་འགྱེད་བྱ་སྤྱོད་སྤེལ་རྒྱུ་གཏན་འགོག་བྱེད་དགོས་ལ། ཁྱབ་འགོག་དམིགས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རྒྱལ་ཁབ་ཁག་གིས་ཞི་བདེའི་ངང་གཉིས་སྤྱོད་རྣམ་གྲངས་དང་ལག་རྩལ་གྱི་ཁྲིམས་མཐུན་དབང་ཆ་འགན་ལེན་བྱ་རྒྱུའི་འདོད་ཚུལ་ཐོག་མཐའ་བར་གསུམ་དུ་འཛིན་གྱི་ཡོད།
         གཉིས་པ། དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཨ་རི་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་བྱ་ཐབས་ཤིག་རེད། ཀྲུང་གོའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་འཐབ་ཇུས་ཀྱི་དམིགས་ཡུལ་ནི་དམག་དཔུང་དང་ས་གནས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ནུས་ལྡན་བྱེད་པ་དང་། རྒྱལ་སྲུང་དང་དཔལ་འབྱོར་སྤྱི་ཚོགས་སྤྱི་འདོམས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་ལས། དམག་དམངས་མཉམ་འདྲེས་བྱེད་པ་བརྒྱུད“འཇབ་ལེན”ནམ“བརྒྱུད་བཀོལ”གྱི་རྒྱལ་ཕྱིའི་ལག་རྩལ་སྤྱོད་པ་ཟེར་བའི་གནས་ཚུལ་གཏན་ནས་མེད། ལོ་མང་རིང་ཀྲུང་ཨ་རྒྱལ་ཁབ་གཉིས་པོས་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་དམངས་སྤྱོད་ཉིང་རྡུལ་མཉམ་ལས་བྱས་པ་འདི་ནི་ཕྱོགས་གཉིས་པོའི་ལས་རིགས་དང་རྒྱལ་ཁབ་ཀྱི་ཁེ་ཕན་དང་མཐུན་ཡོད། ཕྱོགས་ཁག་གི་མཉམ་ལས་ཐད་འབྲེལ་ཡོད་རྒྱལ་སྤྱིའི་འོས་འགན་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་གྲོས་མཐུན་གྱི་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ཡོད་ཅེས་ནན་བཤད་བྱས་པ་རེད།
         ཁོང་གིས་གླེང་དགོས་པ་ཞིག་ནི། ཁྱབ་འགོག་དང་ཕྱིར་གཏོང་དོ་དམ་ཚོད་འཛིན་ཁྱབ་ཁོངས་ནང་ཀྲུང་གོས་འབད་བརྩོན་ཧུར་ཐག་བྱས་པ་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་ནི་འཛམ་གླིང་ཡོངས་ཀྱིས་མིག་མཐོང་ལག་ཟིན་ཡིན། དོན་དངོས་ལ་མི་བལྟོས་པ་དང་། གཟུགས་མེད་གྲིབ་བཟོ། མི་བདེན་རྫུན་སྒྲིག་བཅས་བྱེད་པའི་ཨ་རི་ཕྱོགས་ཀྱི་བྱེད་སྟངས་དེ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཁེའི་རྩ་དོན་གྱི་རྨང་གཞིའི་ཐོག་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་དབར་ཁྱབ་འགོག་དང་ཕྱིར་གཏོང་དོ་དམ་ཚོད་འཛིན་དང་དེ་བཞིན་རྒྱུན་གཏན་གྱི་དཔལ་འབྱོར་ཉོ་ཚོང་དང་ཚན་རྩལ་མཉམ་ལས་བྱ་རྒྱུར་ཕན་པ་མེད་ལ་རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་ཁེ་ཕན་དང་ཡང་མཐུན་མེད་པ་དེ་རེད། “ང་ཚོས་ཨ་རི་ཕྱོགས་ཀྱིས་འཇམ་འཐབ་ཀྱི་བསམ་གཞིག་དོར་བ་དང་། འབྲེལ་ཡོད་ཀྱི་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་ནས་ཕན་ཚུན་ཡིད་ཆེས་ཆེ་རུ་འགྲོ་བར་ཕན་པ་དང་མཉམ་ལས་ལ་སྐུལ་འདེད་ཐུབ་པའི་བྱ་བ་མང་ཙམ་སྒྲུབ་པ་ལས་དོན་མེད་སྐྱོན་འཛུགས་དང་ཁུངས་མེད་དོགས་པ་མི་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།